བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་གཏོང་དགོས།
2016.07.11
བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱ་ནག་གིས་མ་ཉེས་ཁ་གཡོག་བྱས་འདུག་ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསལ་བསྒྲགས་གནང་འདུག
འདི་ཚེས་༡༡ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་། སྐད་ཡིག་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་ཀྱི་མེད་པའི་སྐྱོན་འཛུགས་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
རང་ལོ་སུམ་ཅུར་ཕེབས་ཡོད་པའི་བཀྲ་ཤིས་དབང་ཕྱུག་ལགས་ནི། དེང་སྐབས་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་གཏོགས་སུ་ཡོད་པའི་སྐྱེ་རྒུ་མདོར་འཁྲུངས་ཤིང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱུན་དུ་འབད་བརྩོན་གནང་མཁན་ཞིག་ཡིན་པ་ལྟར། ཕྱི་ལོ་༢༠༡༥་ལོའི་ལོ་མཇུག་ཏུ་ཁོང་གིས་ཨ་རིའི་ནེའུ་ཡོག་དུས་བབ་New York Times་གསར་ཤོག་ཐོག་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་བདག་གཅེས་དང་སྲུང་སྐྱོབ་བྱེད་ཀྱི་མེད་པར་བརྟེན། ཁོང་གིས་གནད་དོན་དེའི་ཐད་ཁྲིམས་གཏུགས་བྱ་རྒྱུ་ཡིན་པའི་བསམ་ཚུལ་ཞིག་སྟོན་པའི་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་སུ་ཕྱི་ལོ་ ༢༠༡༦་ལོའི་ཕྱི་ཟླ་༡་པོའི་ཚེས་༢༧་ནས་བཟུང་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་རྒྱལ་སྤྱིའི་ནང་ཤུགས་ཆེན་པོ་ཐོན་པར་པར་སོང༌། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༣་པའི་ཚེས་ ༢༤་ཉིན་གཞི་ནས་ཁོང་དོ་དམ་བཀག་ཉར་འོག་ཡོད་པའི་ངོས་ལེན་བྱས་པ་དང་ཆབས་ཅིག བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྤྱི་ཚོགས་ནང་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཉེན་སྐུལ་གྱི་བྱ་སྤྱོད་སྤེལ་ཡོད་པའི་ནག་ཉེས་བཙུགས་ཡོད་པ་ནི་མ་ཉེས་ཁ་གཡོག་བྱས་པ་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ད་ལྟའི་གནས་སྟངས་ཕྱི་བསྒྲགས་དགོས་པ་དང༌། དེ་བཞིན་ཁོང་གློད་གྲོལ་ཡོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་དགོས་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་འབོད་སྐུལ་གནང་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།