གློ་ནད་ཊི་སྦི་རྩ་འགོག་གི་ལས་གཞིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕན་ཐོགས་ཆེན་པོ་བྱུང་འདུག

ལོ་ལྟར་སྤྱི་ཟླ་༣་པའི་ཚེས་༢༤ཉིན་ནི་འཛམ་གླིང་གློ་ནད་ཊི་སྦི་སྔོན་འགོག་གི་ཉིན་མོར་སྲུང་བརྩི་ཞུ་སྲོལ་ཡོད་པ་བཞིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཁྲོད་དུས་དྲན་དེ་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་བྱེད་བཞིན་པ་དང་། ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་གློ་ནད་ཊི་སྦི་རྩ་འགོག་གི་ལས་གཞི་དེ་ཕྱི་ལོ་༢༠༡༧ལོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་། ཨ་རིའི་ཇོན་ཧོབ་ཀིནྶ་དང་། བདེ་ལེགས་སྨན་ཁང་བཅས་ཐུན་མོང་གིས་འགོ་འཛུགས་གནང་པ་ནས། ད་ཆ་ཧི་མ་ཅལ་མངའ་ཁུལ་གྱི་བོད་པའི་སློབ་གྲྭའི་ནང་གློ་ནད་ཊི་སྦི་ནད་གཞི་བརྒྱ་ཆ་བརྒྱད་ཅུ་ཉུང་དུ་བཏང་ཐུབ་ཡོད་པ། ལས་གཞི་དེ་འགོ་འཛུགས་སྐབས་ལས་བྱེད་གཙོ་གྲས་འབུམ་རམས་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་གསུངས་བྱུང་།
གོང་ཞུས་ལས་གཞི་དེ་སྤྱི་ལོ་༢༠༢༠དང་༢༠༢༡ནང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་མུ་མཐུད་དུ་སྤེལ་ཐུབ་མེད་སྟབས། ད་རེས་འཕྲུལ་ཆས་དེ་བརྒྱུད་ཊི་སྦི་རྩ་འགོག་གི་ལས་གཞི་ཡག་པོ་ཡོང་བར་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཡིན་པ་དང་། མ་གཞི་ལས་གཞི་དེ་༧གོང་ས་མཆོག་གི་ཐུགས་རྗེ་ཆེ་བཀའ་དྲིན་དང་། ལས་ཀྱི་སྣེ་མོ་བ་རྣམས་པའི་འབད་འབུངས་ལ་བརྟེན་ནས་ཡག་པོ་ཚགས་ཚུད་བྱུང་ཡོད་པ་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ཀྱིས་གསུངས་བྱུང་།
ད་རེས་ཉིན་མོ་དེར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་། ཨ་རིའི་ཇོན་ཧོབ་ཀིནྶ་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་བདེ་ལེགས་སྨན་ཁང་བཅས་ཐུན་མོང་གིས་ཉེ་ལམ་ཉི་ཧོང་ནས་གསར་དུ་ཐོན་པའི་གློག་པར་འཕྲུལ་ཆས་མ་གནས་ཧིན་སྒོར་འབུམ་ ༦༥ཅན་ཞིག་ཉོས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་དང་། གློག་པར་འཕྲུལ་ཆས་དེའི་ཁྱད་ཆོས་གཙོ་བོ་ནི། སྐར་མ་གཉིས་ནང་གྲུབ་འབྲས་གློ་ནད་ཡོད་མེད་གསལ་སྟོན་ཐུབ་ཀྱི་ཡོད་འདུག གློག་པར་འཕྲུལ་ཆས་དེ་རྒྱ་གར་ནང་ཆེས་ཐོག་མ་ཉོ་མཁན་དེ་བདེ་ལེགས་སྨན་ཁང་ཡིན་འདུག་ལ་ད་ཆ རྒྱ་གར་དབུས་གཞུང་ནས་ཀྱང་འཕྲུལ་ཆས་དེ་ཆིག་སྟོང་མངགས་ཉོ་གནང་ཡོད་འདུག
འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ལོ་༢༠༢༠ལོའི་སྙན་ཐོར་གཞིགས་ན། གློ་ནད་ཊི་སྦི་ན་ཚས་རྐྱེན་པས་འདས་གྲོངས་སུ་གྱུར་བའི་མི་གྲངས་ས་ཡ་གཅིག་དང་ཕྱེད་ཀ་ཡིན་འདུག་ཅིང་། སྤྱི་ལོ་༢༠༢༡དང་༢༠༢༢ལོའི་ནང་གནས་སྟངས་སྡུག་ཏུའགྲོ་རྒྱུ་ཡིན་པའི་ཚོད་དཔག་གནང་བཞིན་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།