བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་༢༤་པ་བསྐོང་ཚོགས།
2012.05.30
༄༅༎བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་པའི་ནང་གོང་ཚེས་ཉིན་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་བོད་རྒྱ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་ཉེར་བཞི་པའི་གྲོས་གཞི་སྒྲོག་སྦྱངས་དང་འབྲེལ་ལས་རིམ་དབུ་འཛུགས་གནང་ཡོད་ཅིང་ དེའི་ཉིན་སྔོ་དྲོའི་ཚོུད་དགུ་དང་ཕྱེད་ཁ་ཙམ་གྱི་ཐོག་བཀའ་བློན་ཁྲི་པ་མཆོག་ནས་ལྷན་ཚོགས་གཙོ་སྐྱོང་གནང་ཐོག་ཕྱི་དྲིལ་དང་ བདེ་སྲུང་བཀའ་བློན་ བཀའ་ཟུར་བསྟན་པ་ཚེ་རིང་ལགས་ དམིགས་བསལ་སྐུ་ཚབ་རྣམ་གཉིས་དང་ བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་བསོད་ནམས་ནོར་བུ་ལགས་ སྐུ་སྒེར་དྲུང་ཆེ་འཆེ་མེད་རིག་འཛིན་ལགས་་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས་ ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་རིག་འཛིན་ལགས་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ སྤྱི་ཁྱབ་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་ལགས་ སྤྱི་ཟུར་རྨེའུ་མགོན་པོ་མཚོ་ལགས་དང་ ཐེ་དབན་དོན་གཅོད་ཟླ་བ་ཚེ་རིང་ལགས་ དྲུང་གཞོན་འཇིགས་མེད་པ་སངས་ལགས་ དྲུང་གཞོན་སྐལ་བཟང་ཚེ་རིང་ལགས་བཅས་་བོད་རྒྱ་ཞི་མོ་ལས་དོན་ཚོས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཐོག བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་ཉེར་བཞི་པའི་གྲོས་གཞི་དང་ལས་རིམ་ཞིག་ཉིན་གཉིས་རིང་ལྷན་ཚོགས་གནང་རྒྱུ་ཡིན་འདུག
བོད་རྒྱ་ཞི་མོལ་གྱི་ལྷན་ཚོགས་དེ་རིགས་སྤྱིར་བཏང་རྒྱ་བོད་དབར་གྱི་འབྲེལ་མོལ་མ་བྱས་སྔོན་གྲོས་མོལ་གྱི་གནད་དོན་དང་འབྲེལ་བའི་གྲོས་གཞི་ཁག་ལ་གྲོས་བསྡུར་སོགས་གནང་ཡས་ཀྱི་གྲོས་མོལ་ལྷན་ཚོགས་ཤིག་ཡིན་པ་དང་ ད་བར་བོད་རྒྱའི་དབར་གྲོས་མོལ་ཐེངས་དགུ་ཙམ་བྱས་ཡོད་ན་ཡང་ དོན་འབྲས་སོན་པ་ཞིག་བྱུང་མེད་ཅིང་ བོད་རྒྱའི་དབར་གྱི་གྲོས་མོལ་མཐའ་མ་དེ་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཕྱི་ཟླ་དང་པོའི་ནང་ པེ་ཅིན་དུ་བྱས་པའི་རྗེས་ད་བར་་བསྐྱར་དུ་འབྲེལ་མོལ་བྱུང་མེད་པ་རེད་