ཁྲིམས་ཐག་བཅད་མ་ཐག་པའི་བཀྲ་ཤིས་དབང་ཕྱུག་ལཊ་ཀྱིས་གོང་གཏུག་བྱེད་རྒྱུ་ཡིན་འདུག
2018.05.25
བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལཊ་ཀྱིས་གོང་གཏུག་བྱེད་རྒྱུ་ཡིན་པ་དང་ཁྲིམས་རྩོད་པས་དེར་རོགས་རམ་བྱེད་རྒྱུ་ཡིན་ཟེར།
དེ་ཡང་སྤྱི་ཟླ ༥པའི་ཆེས ༢༢ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཡིན་ན་ཡང་ཁོང་གིས་ངོས་ལེན་མི་བྱེད་པར་རྒྱ་ནག་གི་གོང་རིམ་ལ་གོང་གཏུག་བྱེད་རྒྱུ་ཡིན་པ་བརྗོད་པ་ལྟར། བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ལིང་ཞོ་ཇུང་ལགས་ཀྱིས་གོང་གཏུགས་ཆེད་ཁོང་ལ་རོགས་རམ་གནང་རྒྱུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།
ཡང་ཁྲིམས་རྩོད་པ་སྐུ་ཞབས་ ལིང་ཞོ་ཇུང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གློག་འཕྲིན་བརྒྱུད་བཀའ་ལན་གནང་པར། བཀྲ་ཤིས་དབང་ཕྱུག་ལགས་སུ་ཁྲིམས་གཅོད་སྐབས་སུ་ཁོང་ཁྲིམས་ཁང་ནང་ཡོང་བཅུགས་མེད་པ་དང་། ཁྲིམས་གཅོད་སྐབས་ཁྲིམས་དཔོན་གྱི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་རྗེས། བཀྲ་ཤིས་དབང་ཕྱུག་ལགས་སུ་ཁྱེད་ཀྱིས་གསལ་བོ་གོ་སོང་ངམ་ཞེས་དྲིས་པར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གོ་སོང་ཞེས་ལན་བཏབས་ཡོད་པའི་གནས་ལུགས་ཁག་ཁྲིམས་གཅོད་སྐབས་དངོས་སུ་ཁྲིམས་ཁང་དུ་ཡོད་པའི་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ནང་མིས་ཁྲིམས་རྩོད་པ་ཁོང་ལ་རྗེས་སུ་བཤད་སོང་ཞེས་ཁྲིམས་རྩོད་པ་ལིང་ཞོ་ཇུག་ལགས་ཀྱིས་འགྲེལ་བརྗོད་གནང་ཞིང་། རྒྱ་ནག་རང་གི་རྩ་ཁྲིམས་སོགས་སུ་གསལ་བའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་རྩོད་ལེན་བྱས་པར་རྒྱལ་ཁབ་ཁ་བྲལ་ལ་ངན་བསྐུལ་བྱས་པའི་ཉེས་མིང་བཙུགས་པ་དེ་དྲང་བདེན་གྱི་ཁྲིམས་གཅོད་ཅིག་མིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ནེའུ་ཡོག་དུས་བབ་ཀྱི་པེ་ཅིང་གི་གསར་འགོད་པར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་བཤད་པའི་རྗེས་སུ། ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་ཡུལ་ཤུལ་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་ཉར་བྱས་ཏེ་ད་ལྟ་བར་ལོ་ངོ་གཉིས་ལྷག་ཕྱིན་ཡོད་པ་དང་། སྤྱི་ཟླ ༥པའི་ཆེས ༢༢ཉིན། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།