བཀྲ་ཤིས་དབང་ཕྱུག་ལགས་ཀྱི་བསྐྱར་གཏུག་ལ་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག
2018.08.23
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དོན་གཉེར་བ་བཀྲིས་དབང་ཕྱུག་ལགས་ཀྱིས་ཁྲིམས་ཁང་ལ་ཡང་བསྐྱར་ཞུ་གཏུགས་གནང་བ་དེར་རྒྱ་ནག་གཞུང་གིས་ཁས་ལེན་མ་བྱས་པར་དེ་སྔོན་ལོ་ལྔའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དེར་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་དེར་སྐྱོན་བརྗོད་དྲག་པོ་གནང་འདུག
བོད་ཤར་ཕྱོགས་ཁམས་སྐྱེ་རྒུ་མདོ་ནས་ཡིན་པ་དགུང་གྲངས་༣༣་ལ་ཕེབས་པ་བཀྲིས་དབང་ཕྱུག་ལགས་ཀྱིས་རྒྱ་གཞུང་གི་རྩ་ཁྲིམས་ཀྱིས་འགན་ལེན་བྱས་པ་ལྟར། བོད་པའི་ཕྲུ་གུ་ཡོངས་ལ་ཤེས་ཡོན་གྱི་གོ་སྐབས་སྤྲོད་དགོས་པ་མ་ཟད། བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་འཁྲིད་དགོས་སྐོར་རྒྱ་གཞུང་ལ་འབོད་སྐུལ་གྱི་ཞི་བའི་ལས་འགུལ་སྤེལ་བར་བརྟེན་ནས་ཕྱི་ལོ་༢༠༡༦་ལོར་ཁོང་འཛིན་བཟུང་བཀག་ཉར་བྱས་པ་དང་ལོ་གཉིས་ཕྱིན་པའི་རྗེས་སམ་འདི་ལོའི་ཕྱི་ཟླ་ལྔ་པའི་ཚེས་༢༢་ཉིན་ཁོང་ལ་ཁ་བྲལ་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ནས་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེའི་རྗེས་སུ་ཁོང་དང་ཁོང་གི་ཁྲིམས་རྩོད་པས་ཁྲིམས་ཁང་གོང་མར་ཞུ་གཏུགས་གནང་ཡང་ཁྲིམས་ཁང་དེས་ཁོང་གི་ཞུ་འབོད་སྙན་ཞུར་ཁས་ལེན་མ་བྱས་པའི་ཁར་དེ་སྔོན་ཁོང་ལ་ལོ་ལྔའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དེར་རྒྱབ་སྐྱོར་བྱས་སྐོར་འདི་ཟླའི་ཚེས་༡༣་ཉིན་ཡུལ་ཤུལ་རྫོང་གི་བཀག་ཉར་ཁང་གིས་གསལ་བསྒྲགས་བྱས་ལུགས་ཁོང་གི་ཁྲིམས་རྩོད་པ་(Liang Xiaojun)ཡིས་(
Tweeter ནང་གནས་ཚུལ་སྤེལ་འདུག་ལ་ཁྲིམས་ཁང་ནང་ཞུ་གཏུགས་གནང་སྐབས་ཁོང་གི་ནང་མི་ཉེ་འབྲེལ་སུ་གཅིག་ཀྱང་བཏང་མེད་པ་མ་ཟད། ཁོང་རྣམས་ཐུག་འཕྲད་ཀྱང་
བྱེད་དུ་བཅུགས་མིན་འདུག དེ་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་པ་དང་། དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་ཡོད་བོད་རང་བཙན་ལས་འགུལ་ཚོགས་པ་སོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་གོང་ཞུས་གནས་ཚུལ་དེར་ཁོང་ཁྲོ་དྲག་པོའི་ཐོག་ནས་ཡ་ལན་སློག་པ་མ་ཟད། རྒྱ་མིའི་བཙོན་ཁང་ནས་ཁོང་མགྱོགས་ནས་མྱུར་དུ་གློད་བཀྲོལ་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག
དེའི་སྐོར་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་གནང་བའི་(Free Tibet Campaign)འམ་བོད་རང་བཙན་ལས་འགུལ་ཚོགས་པའི་(Eleanor)་ལགས་ལ་
ཞལ་པར་བརྒྱུད་གནས་འདྲི་ཞུས་པས་ཁོང་གིས་ཚང་མས་མཁྱེན་གསལ་ལྟར། བཀྲིས་དབང་ཕྱུག་ལགས་ཀྱིས་གཞུང་འབྲེལ་བརྒྱུད་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་ཐབས་གནང་བ་ལས་བོད་རང་བཙན་གྱི་ལས་འགུལ་སྤེལ་མེད་ཅིང་། དེ་ཆབ་སྲིད་ཀྱི་གནད་དོན་ཡང་བཟོས་གནང་མེད་པ་རེད་ཅེས་དང་། དེ་འདྲ་སོང་ཙང་རྒྱ་གཞུང་གིས་ཁོང་ལ་ནག་ཉེས་བཙུགས་པ་དེ་དག་ནི་ཆབ་སྲིད་ཀྱི་ཀུན་སློང་ཐོག་ནས་བཙུགས་པ་རེད། རྒྱ་གཞུང་གིས་ཁྲིམས་རང་གི་ཁེ་ཕན་ཆེད་བཀོལ་སྤྱོད་བྱས་ནས་བོད་མིའི་སྨྲ་བརྗོད་རང་དབང་ཐོག་དྲག་གནོན་བྱེད་ཀྱི་ཡོད་པ་
རེད་ལ་མ་རབས་ཐ་ཤལ་སྒོ་ནས་ཁྲིམས་བེད་སྤྱོད་ལོག་པར་གཏོང་གི་ཡོད་རེད། དངོས་ནས་བྱས་ན་རྒྱ་མི་ཁོང་རང་ཚོ་ངོ་ཚ་དགོས་ཀྱི་རེད་ཅེས་གསུངས་ཀྱི་འདུག བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་དེ་ནི་ཉེ་དུས་སུས་སིའི་གྲོང་ཁྱེར་ཇི་ནི་ཝའར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་མེད་པ་བཟོ་་རྒྱུའི་ཚོགས་འདུ་འཚོགས་སྐབས་སླེང་གློང་ཤུགས་ཆེ་བྱུང་བ་མ་ཟད། རྒྱ་གཞུང་གིས་བོད་མི་རིགས་ལ་དབྱེ་འབྱེད་ཆེ་བའི་སྲིད་ཇུས་འཛིན་བཞིན་པ་དེར་ངོ་རྒོལ་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།