བཀྲ་ཤིས་ཚེ་རིང་དང་ཚེ་དབང་འགྱུར་མེད་གཉིས་སྐུ་གཤེགས་འདུག
2014.12.09
བོད་ཀྱི་ཤེས་ཡོན་དང་རྩོམ་བྲིས་ཀྱི་ལས་དོན་ཐོག་བྱས་རྗེས་བཞག་མྱོང་ཡོད་པའི་མི་སྣ་གཉིས་ཕྱི་ཚེས་ལྔ་ཉིན་སྐུ་གཤེགས་པའི་གནས་ཚུལ་བྱུང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་དོན་ལྟར་ན། བོད་རིག་པའི་མཁས་དབང་གྲགས་ཅན་ལྕང་ལོ་ཅན་ཚེ་དབང་འགྱུར་མེད་ལགས་དང་། བོད་ནང་དབྱིན་ཡིག་ཁྱབ་བརྡལ་དང་ཚིག་མཛོད་སོགས་རྩོམ་བྲིས་གནང་མཁན་སྐུ་ཞབས་བཀྲིས་ཚེ་རིང་ལགས་ཁོང་གཉིས་ཀ་རྒྱུན་རིང་སྐྲན་ནད་སྙུན་མནར་གྱིས་འདི་ཟླའི་ཚེས་༥ ཉིན་སྐུ་ཞབས་བཀྲིས་ཚེ་རིང་ལགས་ལྷ་སར་སྐུ་གྲོངས་བ་དང་། ཚེ་དབང་འགྱུར་མེད་ལགས་རྒྱ་ནག་པེ་ཅིང་དུ་དགུང་གྲངས་༧༠་ཐོག་སྐུ་གྲོངས་འདུག ཤེས་རྟོགས་བྱུང་བར་ཁོང་གི་སྐུ་ཕུང་ཁ་ས་རྒྱ་ནག་གི་པེ་ཅིན་གྱི་བའོ་བའོ་རི་ཞེས་པར་སྐུ་ཕུང་འདས་མཇུག་བྱས་ཡོད་འདུག སྐུ་ཞབས་བཀྲིས་ཚེ་རིང་ལགས་དགུང་གྲངས་༨༥ལ་ཕེབས་ཡོད་འདུག ཁོང་གཉིས་ཀ་བོད་ཀྱི་ཤེས་རིག་དང་འབྲེལ་བ་ཡོད་པ་དང་། ལྷག་དོན་དུ་ལྕང་ལོ་ཅན་ཚེ་དབང་འགྱུར་མེད་ལགས་བོད་ལྗོངས་མི་རིགས་སློབ་གྲ་ཆེན་མོ་དང་། བོད་ལྗོངས་སློབ་གྲ་ཆེན་མོར་སྔ་རྗེས་སུ་སློབ་སྤྱི་གནང་བ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་དང་། དེ་ནས་རྒས་ཡོལ་གནང་རྗེས་མ་སྐུལ་དང་བླངས་ཀྱིས་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་འགོ་ཁྲིད་ཚོགས་ཆུང་གི་འགོ་ཁྲིད་སོགས་ཐུགས་འགན་བཞེས་ཏེ་ཕྱག་ལས་གནང་འདུག དེ་བཞིན་དུ་སྐུ་གཤེགས་བཀྲིས་ཚེ་རིང་ལགས་ཀྱིས་བོད་ལྗོངས་སློབ་གྲ་དང་། དབུས་གཙང་ཁུལ་དུ་དབྱིན་ཇིའི་སྐད་ཡིག་ཁྱབ་བརྡལ་དང་བོད་རྒྱ་དབྱིན་གསུམ་གྱི་ཚོག་མཛོད་གསར་རྩོམ་གཙོ་བོའི་བྱས་རྗེས་ཅན་གྱི་མི་སྣ་ཞིག་ཡིན་ཞིང་། ཕྱོགས་མཚུངས་མ་དངུལ་གསོག་སྒྲུབ་ཀྱིས་བོད་ཀྱི་ས་ཁུལ་མང་པོར་སློབ་གྲ་གསར་བཙུགས་གནང་བ་བཅས་སྐུ་ཞབས་བཀྲིས་ཚེ་རིང་ལགས་ཀྱིས་མི་ཚེ་ཧྲིལ་པོ་བོད་ཀྱི་ཤེས་རིག་སློབ་གསོའི་ལས་དོན་ནང་ལེགས་སྐྱེས་བཟང་པོ་ཕུལ་མྱོང་ཡོད་པའི་གྲགས་ཅན་མི་སྣ་ཞིག་ཡིན་པ་རེད
གསར་འགོད་པ་ཀརྨ་རྡོ་རྗེ།