ཕྱི་ལོ་ ༢༠༢༤ ལོར་བོད་མི་ཚོར་བསམ་བློ་ཆབ་སྲིད་ལ་ཤུགས་སྣོན་གཙོ་འདོན་དགོས་པ་ལྷ་སའི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས་བརྗོད་འདུག

ཕྱི་ལོ་ ༢༠༢༤ ཟླ་བ ༡ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་བོད་རང་སྐྱོངས་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཟེར་བ་ཚོགས་ཏེ། ཕྱི་ལོ་ ༢༠༢༣ ལོའི་ལས་དོན་ལ་ལས་བསྡོམས་དང་ཕྱི་ལོ་ ༢༠༢༤ ལོའི་ལས་དོན་ཟེར་བ་དང་འབྲེལ། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་གིས། ཕྱི་ལོ་ ༢༠༢༤ ལོ་དེར་རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་པའི་འགག་རྩའི་ལོ་ཞིག་ཡིན་པས་གཙོ་བོ་མི་མང་ལ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་སྐོར་བརྗོད་ཡོད་པ་དང་། སི་པན་དུ་གནས་སྡོད་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་དེ་གཙོ་བོ་བོད་མི་ཚོའི་བསམ་བློར་དབང་སྒྱུར་དང་ཚོད་འཛིན་བྱས་ཏེ། མུ་མཐུད་བོད་མི་ཚོར་གཉའ་གནོན་དང་དམ་དྲགས་བྱེད་ཐབས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཕྱི་ལོ་ ༢༠༢༤ ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་དོན་དེ། ཏང་གིས་ཕྱོགས་ཡོངས་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་མི་མང་ལ་བསམ་བློ་ཆབ་སྲིད་སློབ་གསོར་་ཤུགས་སྣོན། སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པ། རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པའི་འབྲུ་རིགས་ཀྱི་བདེ་འཇགས་ལ་སྟངས་འཛིན་ནན་པོ་དང་། གྲོང་གསེབ་འཛུགས་སྐྲུན་དང་བཅོས་སྐྱོང་ལ་སྟངས་འཛིན། ཚན་རིག་ཅན་གྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས་སྐོར་སོགས་བཀོད་འདུག་ལ། ཡང་སངས་རྒྱས་སྐྱབས་ལགས་ནས་མུ་མཐུད་ཕྱི་ལོ་ ༢༠༢༤ ལོའི་ལས་དོན་ཟེར་བ་དེར་ནམ་རྒྱུན་གྱི་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཙམ་ལས་དམིགས་བསལ་བ་གང་ཡང་མེད་པ་དང་། རྒྱ་ནག་གཞུང་གིས་ལོ་མང་ནས་བོད་ནང་གི་གྲོང་གསེབ་དར་སྤེལ་སོགས་བཤད་ན་ཡང་། བོད་ཀྱི་གྲོང་གསེབ་ཁག་ཏུ་ཡར་རྒྱས་ཅི་ཡང་མེད་པར་སྐྱོ་བོར་འཚོ་ཐབས་བྱས་ཡོད་པ་ཧ་ཅང་མང་པོ་ཡོད་པ་དང་། གཙོ་བོ་ཚོགས་འདུ་ག་ཚོད་ཚོགས་ཀྱང་ཞི་ཅིན་ཕིན་གྱི་སྲིད་དབང་སྒེར་གཅོད་ཀྱི་རྗེས་སུ་འཇུག་དགོས་པ་བསྐྱར་ཟློས་ཙམ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ལོ་ལྟར་བཞིན་བོད་རང་སྐྱོངས་ལྗོངས་ནང་ལོ་རེའི་ལས་དོན་ལག་བསྟར་ཟེར་བའི་ཚོགས་འདུ་འཚོགས་བཞིན་ཡོད་ཀྱང་། ལོ་ལྟར་བརྟན་བརླིང་ལ་གཙོ་འདོན་དང་ཁ་བྲལ་ལ་ངོ་རྒོལ་བྱས་ཏེ། རྒྱ་ནག་གཞུང་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་རྗེས་སུ་འཇུག་དགོས་པ་བཤད་བཞིན་ཡོད་པ་རེད་ལ། འདི་ལོ་ཡང་ཝང་ཅུན་ཀྲང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སེམས་ཤུགས་གཅིག་སྒྲིལ་དང་། བོད་ཀྱི་ལས་དོན་དོན་འཁྱོལ་ལ་སྟངས་འཛིན་ནན་པོ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དགོས་སྐོར་སོགས་བརྗོད་འདུག
སྤྱིར་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བརྗོད་དོན་སློབ་གསོ་ཞེས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་ཤུགས་ཆེར་སྤེལ་ཡོད་པ་རེད་ལ། དེ་བཞིན་ཡོད་ཀྱི་དགོན་སྡེ་ཁག་ཏུ་ནང་བསྟན་རྒྱ་སྒྱུར་དང་འབྲེལ་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་ལ་ཉན་དགོས་པའི་སློབ་གསོ་ཟེར་བ་ཞིག་སྤེལ་ཡོད་པ་དང་། དམར་ཤོག་ཚོགས་པའི་བསམ་བློ་ཆབ་སྲིད་ཞེས་པ་གཙོ་བོ་དམར་ཤོག་ཚོགས་པའི་ཁ་ལ་ཉན་དགོས་པ་དང་། བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་ཚོར་འབྲེལ་འདྲིས་མི་ཆོག་པར་ཁ་བྲལ་ཞེས་འཐབ་རྩོད་དགོས་པ་སོགས་ཡིན་པ་རེད་ལ། ཕྱི་ལོ་ ༢༠༢༣ ལོའི་ནང་ལྷ་ས་དང་གཞིས་རྩེ་སོགས་སུ་བོད་མི་ཚོ་ལས་ཞུགས་བྱེད་པར་༸གོང་ས་མཆོག་དང་ཁ་བྲལ་བར་འབྲེལ་བ་གཅོད་དགོས་པའི་བརྡ་ཁབ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ནང་མགོ་ལོག་བ་ཡན་དགོན་པའི་དགེ་འདུན་པ་དང་། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་དགོན་པ་ཁག་ཏུ་༸གོང་ས་མཆོག་ལ་ངོ་རྒོལ་དགོས་པའི་ས་རྟགས་སོགས་བརྒྱབ་བཅུག་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།