བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས་སྐུ་གྲོངས་འདུག
2020.10.17

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས་འདི་ཚེས་༡༧ཉིན་སུད་སིའི་ས་གནས་Turbenthal ཞེས་པའི་རྒས་གསོ་ཁང་དུ་སྐུ་གྲོངས་འདུག
དམ་པ་ཁོང་ནི་ཡབ་སྟག་སྣ་གཞོན་པ་བསོད་ནམས་ཚེ་དབང་ལགས་དང་། ཡུམ་ཀརྨ་ཆོས་སྒྲོན་ལགས་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༢༦ལོར་ལྷ་སའི་ནུབ་ཕྱོཌ་ཆུ་ཤུལ་རྫོང་ཁོངས་རྟ་དཀར་གཞིས་སུ་སྐུ་འཁྲུངས། སྟག་སྣ་འཇིགས་མེད་བཟང་པོ་མཆོག་གིས་རང་ཉིད་ཀྱི་མི་ཚེ་ཁྲོད་ཀྱི་དགུང་ལོ་༣༦ ནས་༧༤ བར་དུ་དུས་ཡུན་མང་ཆེ་ཤོས་རྒྱ་ནག་གི་བཙོན་ཁང་ནང་། མི་སྤྱོད་ལས་འདས་པའི་གཅར་རྡུང་དང༌། བཙན་གནོན་འོག་བསྐྱལ་དགོས་བྱུང་ཡོད་པ་རེད། ༢༠༠༢ལོར་སྟག་སྣ་འཇིགས་མེད་བཟང་པོ་ལགས་རྒྱའི་བཙན་འོག་ནས་ཐར་ཏེ་ཨ་རིའི་རྒྱལ་ཝ་ཤིན་ཊོན་དུ་ཕེབས་ནས་སྨན་ཁང་དུ་སྨན་བཅོས་གནང་བཞིན་པའི་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་སྨན་ཁང་ནང་ཆེད་དུ་བཅར་ནས་ཁོང་ལ་བཅར་འདྲི་ཞུ་སྐབས། ཁོང་མི་ལོ་སོ་བདུན་རིང་རྒྱ་ནག་གི་བཙོན་ཁང་ནང་བཞུགས་རིང་དཀའ་ངལ་ཆེ་ཤོས་དེ་ལོ་རབས་བདུན་བཅུ་ནང་བྱུང་ཡོད་པའི་སྐོར་ལ་ཁོང་གིས་གསུངས་དོན་ལ། “༡༩༧༠ ལོར་ང་བསྐྱར་དུ་འཛིན་བཟུང་བྱེད་སྐབས་ལྕགས་སྒྲོག་རྒྱབ་པ་དང་། གཅར་རྡུང་ཚད་མེད་བཏང་པ། མི་སྤྱོད་ལས་འདས་པའི་ལས་ཀ་བཀོལ་པ་སོགས་ཀྱིས་གཟུགས་པོ་རྨ་ཁ་བཟོས་ནས་དཀའ་ངལ་བྱུང་ལ། ལྷག་པར་དུ་༡༩༧༥ ལོའི་ནས་༡༩༨༠ ལོའི་བར་བཙོན་ཁང་ནང་མིག་གཉིས་ལོང་བར་གྱུར་ནས་ཅི་ཡང་མི་མཐོང་བར་གྱུར་བས་དཀའ་ངལ་ཆེན་པོ་བྱུང༌ཞེས་གསུངས་བྱུང་།
སྟག་སྣ་འཇིགས་མེད་བཟང་པོ་ལགས་ནི་༡༩༦༥ ལོ་ཟླ་བ ༨ པའི་ཚེས ༡༥ཉིན་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོགས་བྱས་ནས་ཕྲུ་གུ་རྣམས་ལ་ཉེས་རྡུང་གཏོང་གི་ཡོད་པ་དང༌། སློབ་གསོ་ངན་པ་སྤྲོད་ཀྱི་ཡོད་པར་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། དོན་དངོས་སུ་༡༩༦༤ལོ་ནས་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་ནི་ལོག་སྤྱོད་པ་ཡིན་པ་དང༌། ཏཱ་ལའི་དང་འབྲེལ་བ་ཡོད་པ། བོད་རང་བཙན་གྱི་ལས་འགུལ་སྤེལ་འཆར་ཡོད་པ་སོགས་ཉེས་འཛུགས་བྱས་ནས། ལྷ་སའི་ནང་པཎ་ཆེན་གྱི་ལོག་སྤྱོད་བྱ་དངོས་ཞེས་འགྲེམས་སྟོན་བྱས་ནས་མི་མང་ལ་ངོ་རྒོལ་བྱེད་དུ་འཇུག་ཡོད་པ་རེད།
སྟག་སྣ་འཇིགས་མེད་བཟང་པོ་མཆོག་རྒྱ་ནག་གཞུང་གི་འཛིན་བཟུང་བྱས་པ་དེ་པཎ་ཆེན་རིན་པོ་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག ཁོང་གིས་གསུང་དོན། ༡༩༦༥ལོའི་བཅོ་ལྔའི་མཆོད་པའི་སྐབས་སུ་པཎ་ཆེན་རིན་པོ་ཆེའི་སྐུ་པར་གཉིས་བྲིས་ཡོད་པ་དེ་ནི་ཕྱག་ཏུ་བཟུང་ཡོད་པ་དང༌། ཉེ་འདབས་སུ་མི་ཤི་བའི་མགོ་བོ་མང་པོ་བཀྲམས་ཡོད་པ་ཞིག་འགྲེམས་སྟོན་བྱས་ཡོད་པ་མཐོང་རྗེས། ངའི་སེམས་ཀྱིས་མི་བཟོད་བ་བྱུང༌། དེ་ནས་པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་པའི་ཚོགས་འདུ་ཞིག་ཐོག། ངས་སྔོན་ཆད་ཡིན་ན་པཎ་ཆེན་རིན་པོ་ཆེ་ལ་ཆབ་སྲིད་གྱི་གོ་གནས་སྤྲད་པ་དང༌། ཏང་གི་སྲིད་ཇུས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་སོགས་བརྗོད་ཀྱི་ཡོད་པ་རེད། ད་ཆ་ངོ་རྒོལ་བྱེད་པ་འདི་བོད་རིགས་རྣམས་རྒྱ་རིགས་ཀྱི་རྐུབ་འོག་ཏུ་མནོན་གྱི་ཡོད་པ་རེད་ཟེར་ནས་སྐད་ཆ་བཤད་པ་ཡིན། རྒྱུ་རྐྱེན་དེ་ལ་བརྟེན་ནས་ང་རང་བཙོན་འཇུག་བྱས་པ་རེད། ཞེས་འགྲེལ་བརྗོད་གནང་བྱུང༌། ༡༩༧༠ ལོར་རྒྱ་ནག་གཞུང་གིས་སྟག་སྣ་འཇིགས་མེད་བཟང་པོ་མཆོག་ལ་ཁོང་གི་སྤུན་མཆེད་ཞིག་རྒྱ་གར་ལ་བཏང་ནས། ཏཱ་ལའི་ལོག་སྤྱོད་ལ་འབྲེལ་བ་བྱེད་ཀྱི་ཡོད་པར་ཉེས་འཛུགས་བྱས་ནས་ལོ་བཅུ་རིང་བཙོན་འཇུག་བྱས་ཡོད་པ་དང༌། དེ་ནས་བཙོན་གྲོལ་བཏང་རྗེས་༡༩༨༣ ལོའི་ཟླ་བ་ ༧ པའི་ཚེས་༡༢་ཉིན་གཙུག་ལག་ཁང་གི་སྒོ་ཆེན་སྟེང་བོད་རང་བཙན་ཡིན། རྒྱ་མི་བཙན་འཛུལ་བ་ཡིན་སོགས་ཀྱི་སྦྱར་ཡིག་སྦྱར་ལ་བརྟེན་ཁོང་བསྐྱར་དུ་བཙོན་འཇུག་བྱས་པ་དང༌། དེ་ནས་ཁོང་གིས་བཙོན་ཁང་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། ཕྱི་རྒྱལ་མི་སྣ་བཙོན་ཁང་ནང་གཟིགས་བསྐོར་དུ་ཡོང་སྐབས། བོད་རང་བཙན་ཡིན། རྒྱ་ནག་བཙན་འཛུལ་པ་རེད། ༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཞེས་སྐད་འབོད་བྱས་པ་ལ་བརྟེན་ནས་ཁྱོན་བསྡོམས་བཙོན་ཁང་དུ་ལོ་ངོ་སུམ་ཅུ་སོ་བདུན་བསྡད་ཡོད་པ་རེད། སྟག་སྣ་ཇིགས་མེད་བཟང་པོ་ལགས་༢༠༢༠ ལོའི་སྤྱི་ཟླ་བཅུ་བའི་ཚེས་༡༧ ཉིན་དགུང་ལོ་༩༤ སྟེང་སིད་སི་རྒྱལ་ཁབ་ནང་སྐུ་གྲོངས་འདུག།།