ཐའེ་ལྦན་དུ་རྒྱ་ནག་གཞུང་གི་སྤྱི་ཁྱབ་གཞོན་པ་ཀྲང་ལ་ངོ་རྒོལ།
2008.10.21
༄༅༎རྒྱ་ནག་གཞུང་གི་མཚོ་ཁ་ཕན་ཚུན་འབྲེལ་མཐུད་ལས་དོན་ཚན་པའི་སྤྱི་ཁྱབ་གཞོན་པ་ཀྲང་མིའང་ཆིང་དེ་རིང་ཐའེ་ལྦན་གྱི་ལྷོ་ཕྱོགས་ཐའེ་ནན་ས་ཁུལ་གྱི་དགོན་པ་ཞིག་ལ་འཚམས་འདྲི་གཟིགས་བསྐོར་སྐབས་ངོ་རྒོལ་གནང་མཁན་གྱི་ཐའེ་ལྦན་མང་ཚོགས་ཁག་ཅིག་གིས་ཁོང་མཐའ་བསྐོར་གྱིས་ཁོང་ལ་འབུད་རྒྱག་རྒྱབ་སྟེ་ས་ལ་རིལ་བར་སྐུ་སྲུང་བ་ཚོས་ཁོང་སྲུང་སྐྱོབ་ཀྱིས་མོ་ཊའི་ནང་བཅུག་ཏེ་ས་ཁུལ་དེ་ནས་ཕྱིར་ཐོན་དགོས་པ་བྱུང་འདུག
བརྙན་འཕྲིན་བརྒྱུད་ལམ་གྱིས་གནས་ཚུལ་བཏོན་པ་ལྟར་ན་རྒྱ་ནག་གཞུང་གི་དཔོན་རིགས་ཀྲང་ཐའེ་ལྦན་གྱི་ལྷོ་ཕྱོགས་ཐའེ་ནན་ས་ཁུལ་གྱི་དགོན་པ་ཞིག་ལ་འཚམས་འདྲི་གནང་སྐབས་ཐའེ་ལྦན་གྱི་མི་མང་ཁག་ཅིག་གིས་ཁོང་གི་གཟིགས་བསྐོར་ལ་ངོ་རྒོལ་གྱིས་ཁོང་ས་ལ་འབུད་རྒྱག་གཏང་ཞིང་མུར་འཛོག་གཞུ་ཐབས་བྱེད་བཞིན་པ་དང་མཐར་ཁོང་གི་སྣེ་གཤན་པ་དང་སྐུ་སྲུང་བ་ཚོས་ཁོང་མོ་ཊའི་ནང་བཅུག་སྐབས་ངོ་རྒོལ་བྱེད་མཁན་ཞིག་གིས་ཁོང་གི་མོ་ཊའི་སྟེང་འཛེགས་ཏེ་རྡོག་བརྫིས་གཏོང་བཞིན་པའི་བརྙན་དཔར་བཏོན་ཡོད་པ་རེད་
ཐའེ་ལྦན་གྱི་སྲིད་བློན་ལུ་ཁྲན་ཧྲོན་དང་གཞུང་འཛིན་གོ་མིང་ཏང་ཚོགས་པས་དེ་ནི་ཕྱོགས་འགལ་དམངས་གཙོ་ཚོགས་པས་སྤེལ་བའི་བྱ་སྤྱོད་ཅིག་ཡིན་པ་དང་སྤྱོད་ཚུད་དེ་སྐུ་མགྲོན་ལ་སྣེ་ལེན་ཞུ་སྟངས་ཀྱི་སྤྱོད་ཚུལ་ཞིག་མིན་པ་དང་སྤྱོད་ཚུལ་དེ་ལྟ་བུས་ཐའེ་ལྦན་མི་མང་ཐད་མཐོང་ཚུལ་མི་ལེགས་པ་བཟོས་ཡོད་ཅེས་སྐྱོན་བརྗོད་དང་སྦྲགས་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་
ཡིན་ནའང་ཕྱོགས་འགལ་དམངས་གཙོ་ཚོགས་པས་ཀྲང་ནི་དགྲ་བོ་ཞིག་ཡིན་པ་ལས་སྐུ་མགྲོན་ཞིག་ཆགས་ཀྱི་མེད་ཅེས་དང་རྒྱ་ནག་གིས་དུག་རྫས་བསྲེས་པའི་འོ་མ་བརྒྱུད་ཐའེ་ལྦན་མི་མང་ལ་དུག་གཏོང་ཐབས་བྱེད་པ་དང་ཐའེ་ལྦན་གྱི་ཕྱོགས་སུ་མེ་ཤུགས་འཕུར་མདའ་དམིགས་བཙུགས་ཀྱིས་འཇིགས་སྐུལ་བྱེད་བཞིན་པའི་རྒྱ་ནག་གི་དཔོན་རིགས་ཀྲང་ལྟ་བུ་ནི་ཐའེ་ལྦན་གྱི་དགྲ་བོ་ཞིག་ཡིན་པ་ལས་སྐུ་མགྲོན་ཆགས་ཀྱི་མེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད་ སྐུ་ཞབས་ཀྲང་གི་གཟིགས་བསྐོར་དེ་ནི་གོ་མིང་ཏང་ཚོགས་པའི་གཞུང་གིས་རྒྱ་ནག་གི་ལྷན་མཚོ་ཁག་གཉིས་ཕན་ཚུན་དབར་ཉེ་ལམ་ཐད་ཀར་གནམ་གྲུ་འཕུར་བསྐྱོད་འགོ་བཙུགས་ཀྱི་རྗེས་མུ་མཐུད་ཕྱོགས་གཉིས་ཀྱི་དབར་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ལ་འཇུག་པའི་ཆ་ཤས་ཤིག་ཡིན་པ་དང་ཐའེ་ལྦན་ནང་རང་བཙན་དོན་གཉེར་བ་ཚོས་ད་རེས་ཀྲང་གི་གཟིགས་བསྐོར་ལ་ཕྱོགས་གང་སར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།