༸སྐུའི་ཡང་སྲིད་དེ་གཞན་ལ་ཕན་ཐོགས་སྒྲུབ་ཐུབ་སའི་གནས་ཤིག་ལ་འཁྲུངས་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས། ༸གོང་ས་མཆོག་གིས་བཀའ་སྩལ།

2022.07.02
༸སྐུའི་ཡང་སྲིད་དེ་གཞན་ལ་ཕན་ཐོགས་སྒྲུབ་ཐུབ་སའི་གནས་ཤིག་ལ་འཁྲུངས་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས། ༸གོང་ས་མཆོག་གིས་བཀའ་སྩལ། ༸གོང་ས་མཆོག་གིས་བཞུགས་སྒར་རྡ་ས་ནས་དྲ་ལམ་ཐད་གཏོང་བརྒྱུད་ཐའེ་ཝན་གྱི་ཆོས་གྲོགས་ཚོར་འཚམས་འདྲི་གནང་བཞིན་པ། ༢༠༢༢།༠༧།༠༢
OHHDL

ཐའེ་ཝན་རྒྱལ་ས་ཐའེ་པེ་རུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་བ་ ༧ པའི་ཚེས་ ༢ ཉིན་རྒྱལ་ས་ཐའེ་པེ་རུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་བཞུགས་སྒར་རྡ་རམ་ས་ལ་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད་བཀའ་སློབ་སྩལ་བའི་ནང་། ཐའེ་ཝན་གྱི་ཆོས་གྲོགས་ཚོས་ངོས་ཀྱི་སྐྱེས་སྐར་དུས་ཚིགས་འདི་དམིགས་བསལ་གྱི་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཇི་སྲིད་གནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་འགྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བ་ཤོག་ཅེས་རྒྱུན་དུ་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད་ལ། མ་འོངས་པར་ཚེ་རབས་ནས་ཚེ་རབས་ངོས་ཀྱིས་ཕན་ཐོགས་སྒྲུབ་ཐུབ་སའི་གནས་ཤིག་ལ་སྐྱེས་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་བཀའ་གནང་འདུག

ད་རེས་ཐའེ་ཝན་དུ་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་ཐའེ་ཝན་ཐའེ་པེ་གྲོང་འཁྱེར་སྤྱི་ཁབ་གཞོན་པ་ལྕམ་Huang Shen Shen དབུས་པའི་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་འགའ་ཞིག་ལྷན་འཛོམས་གནང་འདུག་ཅིང་། སྐབས་དེར་དྲ་ལམ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཉུང་ཐག་ལོ་༣༠ ཙམ་ངོས་གནས་ཐུབ་ཀྱི་རེད། ཁྱེད་རང་ཚོ་བློ་བདེ་པོ་བྱོས།  ངོས་རང་ཞོགས་པ་གཉིད་སད་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཀྱི་ཡོད་པས། གཞན་ཕན་སྒྲུབ་པར་ཧ་ཅང་གི་ཕན་ཐོགས་འདུག ཁྱེད་རང་ཚོ་ངོས་ཀྱི་ཆོས་གྲོགས་རེད། གང་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱེད་དགོས་ཅེས་བཀའ་གནང་སོང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་གནང་དོན། ངོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཞིག་ཡིན། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་ང་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དེ་མུ་མཐུད་གནས་ཀྱི་རེད་ཅེས་བཀའ་གནང་འདུག

གཞན་ཡང་ད་རེས་ཐའེ་ཝན་དུ་༸སྐུའི་འཁྲུངས་སྐོར་སྲུང་རྩི་ཞུས་བ་དང་སྟབས་བསྟུན། གོ་སྒྲིག་ཚོགས་ཆུང་ནས་མགོན་པོ་གང་ཉིད་མཆོག་ལ་འཁྲུངས་སྐར་གྱི་བསྟོད་དབྱངས་གཟིགས་འབུལ་ཞུས་བ་དང་འབྲེལ། ཐའེ་ཝན་ལྷོ་ཕྱོགས་སུ་ཆགས་པའི་Yunlin རྫོང་ལ་མྱུར་སྐྱོབ་རླངས་འཁོར་(Ambulance) ༨ ཞལ་འདེབས་གནང་ཡོད་པ་དང་། རླང་འཁོར་དེ་དག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ཞལ་འདེབས་བསྡུ་རུབ་གནང་སྟེ་མངགས་ཉོ་བྱས་པ་ཞིག་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎