ཐའེ་ལྦན་མི་ཞིག་གིས་སྐྲན་ནད་བཅོས་ཐབས་ལ་ཞལ་འདེབས།
2008.12.19
༄༅༎ཐའེ་ལྦན་གྱི་དེང་དུས་ཚན་རིག་ལག་རྩལ་གྱི་ཁེ་ལས་ཚོང་དོན་ལས་ཁང་ཧན་ཧའེ་གྱི་སྦྱིན་བདག་དགུང་གྲངས་ལྔ་ཅུ་ང་བརྒྱད་ལ་ཕེབས་པ་ཀྲེ་རི་ཀུའོ་ཡིས་ཐའེ་ལྦན་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོར་མ་དངུལ་ཨ་སྒོར་ས་ཡ་བཞི་རྒྱ་ལྔ་ཅུ་ང་ལྔའི་ཞལ་འདེབས་གནང་ཡོད་པ་རེད།
གོང་ཞུས་ཞལ་འདེབས་དེ་དག་ནང་ནས་མ་དངུལ་མང་ཆེ་བ་སློབ་གྲྭ་ཆེན་མོ་དེར་སྐྲན་ནད་བཅོས་ཐབས་ཀྱི་སྨན་ཁང་རྒྱབ་རྒྱུའི་ཐོག་འགྲོ་གྲོན་གཏོང་རྒྱུ་ཡིན་པ་དང་སྐུ་ཞབས་ཀུའོ་ཡི་སྐུ་ཟླ་དང་ཁོང་གི་སྤུན་མཆེད་བུ་ཆུང་བ་ཞིག་ཡང་སྐྲན་ནད་ནད་གཞི་ཕོག་ཏེ་ཉེ་བའི་ལོ་ཤས་ནང་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན་ཁོང་གིས་སྐྲན་ནད་བཅོས་ཐབས་ཐོག་ཐུགས་འཁུར་ཆེན་པོ་གནང་གི་ཡོད་པ་རེད། ས་གནས་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་སྐུ་ཞབས་ཀུའོ་ཡིས་བཙུགས་གནང་བའི་དེང་དུས་ཚན་རིག་ལག་རྩལ་གྱི་ཁེ་ལས་ཚོང་དོན་ཁང་དེ་ནི་ཐའེ་ལྦན་ནང་ནས་ཁེ་ལས་ཚོང་དོན་ཁང་ཆེ་ཤོས་ཀྱི་གྲས་སུ་སླེབས་ཀྱི་ཡོད་པ་མ་ཟད་སྐུ་ཞབས་ཀུའོ་ཡང་ཐའེ་ལྦན་ནང་ནས་དཔལ་འབྱོར་ཆེ་ཤོས་ཨང་གསུམ་པར་སླེབས་ཀྱི་ཡོད་པ་དང་ཁོང་གིས་ད་ལོ་ཕྱི་ཟླ་བདུན་པའི་ནང་ཐའེ་ལྦན་གྱི་དངུལ་ལོར་ཐེར་འབུམ་ཉི་ཤུ་ལྷག་ཙམ་ཞལ་འདེབས་ཕུལ་ཡོད་པ་དང་དེ་ཚོའི་ནང་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་ཐའེ་ལྦན་གྱི་ཤོག་དངུལ་ས་ཡ་ཉིས་བརྒྱ་བདུན་ཅུ་ཙམ་ཞལ་འདེབས་གནང་ཡོད་པ་རེད།