རྒྱ་ནག་དམར་པོའི་མེ་སྒྱོགས་འོག་ཤི་བའི་མིར་དྲན་གསོ།
2011.06.27
༄༅༎ལོ་ངོ་བརྒྱ་ཕྲག་ཕྱེད་ཀའི་སྔོན་རྒྱ་ནག་དམར་པོའི་དཔུང་དམག་གིས་མེ་སྒྱོགས་རྒྱབ་ནས་མི་མང་བརྒྱ་ཕྲག་མང་པོ་རྐྱེན་འདས་སུ་བཏང་བ་ཚོར་དྲན་རྟེན་ཞུ་སླད། ཐེ་ལྦན་གྱིས་རིང་མིན་ཕྱི་ཟླ་བརྒྱད་པའི་ནང་རིམ་པ་མཐོ་བའི་མཛད་སྒོ་ཞིག་གོ་སྒྲིག་གནང་འཆར་ཡོད་སྐོར་དེ་རིང་ཐེ་ལྦན་གྱི་སྲིད་འཛིན་གཞོན་པ་ལྦིན་སེན་སིའུ་ཡིས་གསུངས་བཞག།
རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་བ་བཟང་པོ་ཡོད་པའི་ཐེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུ་ཡིས་ཕྱི་ཟླ་བརྒྱད་པའི་ཚེས་༢༣ཉིན་ཐེ་ལྦན་གྱི་ཁྱབ་ཁོངས་ཀིན་མེན་གླིང་ཕྲན་དུ་ཕེབས་ནས་དྲན་རྟེན་མཛད་སྒོའི་ཐོག་ཞི་བདེའི་དྲིལ་བུ་དཀྲོལ་གནང་རྒྱུ་ཡིན་པ་རེད། གོང་ཞུས་དྲིལ་བུ་དེ་ནི་ སྔར་༡༩༥༨ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་མེ་འཕེན་བྱས་པའི་མདེའུ་བཞུར་ནས་བཟོས་པ་ཞིག་ཡིན་པ་དང༌། དྲན་རྟེན་མཛད་སྒོའི་ཐོག་ཐེ་ལྦན་སྲིད་འཛིན་གྱི་དྲིལ་བུ་དཀྲོལ་གནང་ཡག་གི་དམིགས་ཡུལ་ནི་ཐེ་ལྦན་གཞུང་དམངས་གཉིས་ནས་ཞི་བདེ་མུ་མཐུད་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་སྟོན་ཆེད་ཡིན་སྐོར་ཐེ་ལྦན་གྱི་སྲིད་འཛིན་གཞོན་པས་འགྲེལ་བརྗོད་གནང་བཞག།
ཕྱི་ཟླ་༨ཚེས་༢༣ཉིན་དགུང་ཆུ་ཚོད་༡༡ཐོག་ཐེ་ལྦན་དང་ སུད་སི། ཀེ་ན་ཌ། གོམ། ལྷོ་ཀོ་རི་ཡ་དང་ཉི་ཧོང་བཅས་ནང་དུས་ཚོད་གཅིག་རང་ལ་དྲིལ་བུ་དཀྲོལ་་གནང་ནས་ལོ་ལྔ་བཅུའི་གོང་གི་འདས་པོ་ཚོར་དྲན་གསོ་གནང་ཡག་རེད་འདུག།
༡༩༥༨ལོའི་ཕྱི་ཟླ་༨ཚེས་༢༣ཉིན་རྒྱ་ནག་དམར་པོའི་དཔུང་དམག་གིས་ ཐེ་ལྦན་གྱི་ཀིན་མན་གླིང་ཕྲན་དང་དེ་མིན་གླིང་ཕྲན་གཞན་འགའ་ཤས་ཐོག་ཉི་མ་༤༤རིང་མེ་འཕེན་བྱས་ནས་ཁྱོན་མདེའུ་བཞི་འབུམ་བདུན་ཁྲི་ལྷག་བརྒྱབ་ནས་དམག་མི་དང་ཞི་བའི་ཡུལ་མི་༦༡༨དམར་བསད་བཏང་བ་དང༌། མི་གྲངས་༢༦༠༠ལྷག་ཙམ་ལ་རྨས་སྐྱོན་བཏང་ཡོད་པ་རེད།