ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་རྡ་རམ་ས་ལར་སྤྱི་འཐུས་གྲོས་ཚོགས་སུ་འཚམས་གཟིགས་གནང་འདུག

2023.07.05
ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་རྡ་རམ་ས་ལར་སྤྱི་འཐུས་གྲོས་ཚོགས་སུ་འཚམས་གཟིགས་གནང་འདུག ཐེ་ཝན་གྲོས་ཚོགས་འཐུས་མི་ཞིག་རྡ་རམ་སཱ་ལར་ཕེབས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་བཅས་དང་མཇལ་འཕྲད་སྐབས། ༠༧།༠༤།༢༠༢༣
CTA

ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་(Hung Sun Han)་ལགས་རྡ་རམ་སཱ་ལར་ཕེབས་ནས་ཕྱི་ཚེས་༤ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་ཐེ་ཝན་གྲོས་ཚོགས་འཐུས་མི་ཁོང་གིས་ཕྱི་ལོ་༢༠༠༦ལོར་ཁོང་ཐོག་མར་བཞུགས་སྒར་རྡ་རམ་ས་ལར་ཕེབས་པའི་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་བ་དང་། རྒྱ་ནག་དམར་པོའི་གཞུང་གིས་ཐེ་ཝན་ལ་གནོན་ཤུགས་སྤྲོད་བཞིན་པའི་སྐོར། ཉེ་ཆར་རྒྱལ་སྤྱིའི་ནང་ཐེ་ཝན་གྱི་གནད་དོན་ལ་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ། དེ་བཞིན་ཐེ་ཝན་གྱི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཉམས་མྱོང་ཁག་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། ཡང་བོད་དང་སོག་པོ། ཧོང་ཀོང་དང་ཐེ་ཝན། ཡུ་གུར་བཅས་ཀྱི་མི་རིགས་བར་ཕན་ཚུན་དགོངས་ཚུལ་བརྗེ་ལེན་གནང་སྟེ་དབང་ཆ་གཅིག་སྡུད་པ་རྒྱ་ནག་ལ་དབྱེ་ཞིབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ནུབ་ཕྱོགས་པས་དབྱེ་ཞིབ་བྱས་པ་ཁག་གི་གྲུབ་འབྲས་ཡག་པོ་ཐོན་ཐུབ་པ་སོགས་གསུངས་འདུག
སྤྱི་འཐུས་ཚོགས་གཙོ་མཆོག་གིས། རྒྱ་ནག་དམར་པོའི་གཞུང་གིས་ཆབ་སྲིད་ཀྱི་ཁེ་ཕན་ཆེད་རྒྱལ་སྤྱིའི་ནང་དུས་རྟག་ཏུ་གནས་ཚུལ་རྫུན་མ་དྲིལ་བསྒྲགས་བྱས་དང་བྱེད་བཞིན་ཡོད་པའི་སྐོར་དང་། ཐེ་ཝན་གྱི་གྲོས་ཚོགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བར་འབྲེལ་བ་གནང་རྒྱུ་གལ་ཆེ་ཡིན་པ། ཐེ་ཝན་གཞུང་གིས་བོད་མིར་མཐོང་མཆན་(Visa)་དང་འབྲེལ་བའི་དཀའ་ངལ་མེད་པ་བཟོ་ཐབས་གནང་དགོས་པ། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་རང་གི་དབང་ཆ་སྲུང་སྐྱོབ་ཁོ་ནའི་ཆེད་རྒྱ་ནག་གི་མཐའ་མཚམས་སྲུང་སྐྱོབ་ལས་རྒྱ་ནག་རྒྱལ་ནང་གི་བདེ་འཇགས་ལ་འགྲོ་སོང་མང་བ་བཏང་དང་གཏོང་བཞིན་པ་དེས་དམར་པོའི་སྒྲིག་འཛུགས་ནང་ལ་དངངས་སྐྲག་ཡོད་པ་མཚོན་གྱི་ཡོད་པ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཚོགས་པའི་(INPaT)་ནང་ཐེ་ཝན་གྲོས་ཚོགས་འཐུས་མི་དང་། མང་གཙོ་དོན་གཉེར་མཁན་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བ་སོགས་ཞུས་ཡོད་པ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ཡིག་ཚང་ནས་གནས་ཚུལ་སྤེལ་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎