རྒྱ་ནག་གིས་མཁའ་དམག་གནམ་གྲུ་གཉིས་ཀྱི་མཚོན་གནམ་གྲུ་བཏང་སྟེ་ཐེ་ཝན་ལ་མུ་མཐུད་དམག་གི་འཇིགས་སྐུལ་བྱས་འདུག

2021.06.19
རྒྱ་ནག་གིས་མཁའ་དམག་གནམ་གྲུ་གཉིས་ཀྱི་མཚོན་གནམ་གྲུ་བཏང་སྟེ་ཐེ་ཝན་ལ་མུ་མཐུད་དམག་གི་འཇིགས་སྐུལ་བྱས་འདུག ཐེ་ཝན་གྱི་མཁའ་དམག་གནམ་གྲུ།
ཨེ་ཨེཕ་པི།

དེ་ནི་ཕྱི་ཚེས་༡༥རེས་གཟའ་མིག་དམར་ཉིན་རྒྱ་ནག་གིས་ཐེ་ཝན་གྱི་བར་སྣང་མཁའ་དབྱིངས་ལ་གནམ་དམག་གི་གནམ་གྲུ་༢༨བཏང་སྟེ་དྲག་ཤུགས་ཀྱི་འཇིགས་སྐུལ་ཤུགས་ཆེ་ཞིག་བྱས་པའི་རྗེས་སུ། རེས་གཟའ་པ་སངས་ཉིན་བསྐྱར་དུ་རྒྱ་ནག་གིས་རང་གི་ཆེས་ཐོན་གསར་གནམ་དམག་གནམ་གྲུ་གཉིས་ཀྱི་མཚོན་གནམ་གྲུ་༧བཏང་སྟེ་ཐེ་ཝན་ལ་མུ་མཐུད་དམག་གི་འཇིགས་སྐུལ་བྱས་ཡོད་པ་རེད།
དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་དམིགས་ཡུལ་དེ་ནི་ཐེ་ཝན་ལ་དངོས་སུ་དམག་འཐབ་རྒྱབ་མི་དགོས་པའི་ཐོག་དྲག་ཤུགས་ཀྱི་འཇིགས་སྐུལ་རྫོགས་མཐའ་མེད་པ་བྱེད་པ་བརྒྱུད་མཐར་ཐེ་ཝན་གཞུང་དམངས་གཉིས་འུ་ཐུག་དགོས་པ་ཞིག་བཟོས་ཏེ་སེམས་ཤུགས་གཅོག་རྒྱུའི་དམིགས་ཡུལ་བཟུང་གི་ཡོད་པ་གསུངས་ཀྱི་ཡོད་པ་རེད།
འོན་ཀྱང་ཐེ་ཝན་ངོས་ནས་རང་གི་རང་དབང་སྲུང་སྐྱོབ་ཆེད་དུ་དམག་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུར་གནམ་དམག་གི་གནམ་གྲུས་མཚོན་ཚད་མཐོའི་གོ་མཚོན་མཁོ་འདོན་ཤུགས་ཆེ་རུ་གཏོང་བཞིན་པ་དང་། ཨ་མི་རི་ཀ་བཅས་པའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་རང་གི་དམག་དོན་གོ་མཚོན་བཅས་པའི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུ་དེ་ནི་རྒྱ་ནག་གི་དྲག་པོའི་དམག་གི་འཇིགས་སྐུལ་འགོག་ཐབས་ཀྱི་ཐབས་ལམ་ཡག་ཤོས་དེ་ཡིན་པ་དང་། ཐེ་ཝན་ལ་རྒྱ་ནག་གི་གནོད་འཚེ་མི་ཡོང་བར་རང་གི་སྲུང་སྐྱོབ་བྱ་རྒྱུའི་ཐབས་ལམ་ཡག་ཤོས་དེ་ནི་ Porcupine སྟེ་སེམས་ཅན་ལུས་ལ་གཟེར་མ་མང་པོ་ཡོད་པའི་གཟེ་མོ་དང་མཚུངས་པ་བྱ་དགོས་པ་དང་འདིས་རྒྱ་ནག་གིས་ཐེ་ཝན་ལ་དྲག་པོའི་དམག་འཐབ་བྱེད་པ་ཡིན་ན་རྒྱ་ནག་རང་ཉིད་ལའང་གནོད་འཚེ་གང་ཆེ་ཕོག་རྒྱུ་ཡིན་པ་ངོས་བཟུང་གིས་འཛེམས་གཟོན་ཡོང་རྒྱུ་ཡིན་པའི་སློབ་སྟོན་གནང་གི་ཡོད་འདུག
ཨ་མི་རི་ཀ་དང་ཡོ་རོབ་རྒྱལ་ཁབ་ཁག་གིས་ད་རེས་G-7སྟེ་དཔལ་འབྱོར་ཡར་ཐོན་ཕྱིན་པའི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་དང་ཡང་NATO་སྟེ་བྱང་Atlantic དམག་དོན་སྒྲིག་འཛུགས་ཀྱི་ལྷན་ཚོགས་བཅས་པའི་ཐོག་ཐེ་ཝན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་གསལ་སྟོན་གནང་ཡོད་པ་དང་ཐེ་ཝན་ངོས་ནས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། འོན་ཀྱང་རྒྱ་ནག་གིས་ཐེ་ཝན་གྱི་སྤོབས་པ་བཅོག་ཐབས་སུ་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་གཏོང་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎