ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་ནར་འགྱངས།
2009.10.29
༄༅༎རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ཨ་མི་རི་ཀས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུའི་ཐག་གཅོད་ནར་འགྱངས་གཏོང་གི་ཡོད་པའི་སྐོར་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅུ་ཡིས་གསུངས་གནང་འདུག
རྒྱ་ནག་གི་དྲག་པོའི་དཔུང་ཤུགས་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་ལ་རྐྱེན་པས་ཐའེ་ལྦན་མཚོ་གླིང་རྒྱལ་ཁབ་ཀྱི་རྒྱལ་ནང་སྲུང་སྐྱོབ་ལ་དམིགས་ཏེ་ཐའེ་ལྦན་གྱི་གྲོས་ཚོགས་ནས་གོ་མཚོན་ཡར་རྒྱས་གཏོང་རྒྱུའི་ལས་དོན་ནང་ཨ་རི་ནས་གནམ་དམག་གནམ་གྲུ་ཨེཕ་༡༦་རྟགས་ཅན་མཁོ་སྒྲུབ་ཆེད་དེ་སྔོ་ཉིས་སྟོང་དྲུག་ལོར་མ་གནས་ཨ་སྒོར་ཐེར་འབུམ་ལྔ་མིན་ཙམ་གྱི་དངུལ་རྩིས་བཀའ་ཁྲོལ་བྱུང་ཡོད་པ་རེད། ཨ་རི་གཞུང་གིས་ད་ལྟ་ཕན་ཐའེ་ལྦན་གྱི་རྒྱལ་ནང་སྲུང་སྐྱོབ་ཀྱི་དགོས་མཁོ་བསྐྱར་ཞིབ་གནང་གི་ཡོད་ཚུལ་འགྲེལ་བརྗོད་གནང་ཞིང་དངོས་སུ་གནམ་དམག་གནམ་གྲུ་ཨེཕ་༡༦རྟགས་ཅན་ཐེ་བས་གཞན་གོ་མཚོན་ཚོང་འགྲེམས་དང་མཁོ་སྤྲོད་གནང་རྒྱུ་ཡིན་མིན་སྐོར་ཐག་གཅོད་ནར་འགྱངས་གནང་བཞིན་ཡོད་པ་རེད། ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅུ་ཡིས་ཉིས་སྟོང་བརྒྱད་ལོར་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་འོས་འདེམས་བྱུང་རྗེས་རྒྱ་ནག་སྐམ་ས་ཆེན་མོ་དང་མཐུན་འབྲེལ་དམ་ཟབ་གཏོང་རྒྱུའི་སྲིད་ཇུས་བཟུང་ཡོད་ནའང་ཆབས་ཅིག་རྒྱ་ནག་གི་ཐའེ་ལྦན་ཐོག་མེ་ཤུགས་འཕུར་མདེལ་ཆིག་སྟོང་ནས་ཆིག་སྟོང་ལྔ་བརྒྱ་བར་དམིགས་བཙུགས་བྱས་པའི་ཉེན་ཚབས་ལ་དགག་པ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། སྲིད་འཛིན་མཱ་དབྱིང་ཅུ་ཡིས་ཐའེ་ལྦན་གྱི་དྲག་པོའི་དཔུང་དམག་དེ་བཞིན་དེང་རབས་ཅན་དུ་བསྒྱུར་ཐབས་སླད་ང་ཚོས་ཨ་རི་ནས་ཨེཕ་༡༦རྟགས་ཅན་གྱི་གནམ་དམག་གནམ་གྲུ་ཐེ་བས་ཁྱོན་ཨ་སྒོར་ཐེར་འབུམ་བཞི་ལྷག་གི་ཚད་མཐོའི་གོ་མཚོན་ཉོ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཡིན་ནའང་གཙོ་བོའི་རྒྱ་ནག་གཞུང་གིས་གནོན་ཤུགས་ལ་རྐྱེན་པས་ཨ་རི་གཞུང་ནས་གོ་མཚོན་ཚོང་འགྲེམས་བྱེད་མིན་སྐོར་ལམ་འདེབས་ཁ་གསལ་གང་ཡང་སྤྲད་མ་བྱུང་ཞེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་བཞག ཕྱིའི་ཡུལ་ཁག་གི་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་གིས་རྒྱུན་ལྡན་ནས་དགག་པ་བྱེད་སྲོལ་ཡོད་པ་ལྟར་དེ་རིང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་ང་ཚོས་ཨ་རི་དང་གཞན་རྒྱལ་ཁབ་སུ་འདྲ་ཞིག་གི་ཐའེ་ལྦན་ལ་གོ་མཚོན་ཚོང་འགྲེམས་བྱ་རྒྱུར་ངོ་རྒོལ་ཤུགས་ཆེ་ཡོད་ཅེས་ནན་བརྗོད་བྱས་ཡོད་པ་རེད།