ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་འགྱུར་ཡོང་བའི་འབོད་སྐུལ།
2010.01.14
༄༅༎ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་དབར་ཆབ་སྲིད་དང་དམག་དོན་གྱི་གྲོས་མོལ་ནང་ཐའེ་ལྦན་གྱི་ནུས་ཤུགས་ཆེ་རུ་གཏོང་ཕྱིར་ རྒྱལ་ནང་སྲུང་སྐྱོབས་ཆེད་ཨ་རི་གཞུང་གི་ཐའེ་ལྦན་ལ་ཚད་མཐོའི་གོ་མཚོན་ཚོང་འགྱུར་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་པ་རེད༎
བདུན་ཕྲག་སྔོན་མ་ཨ་རི་གཞུང་གིས་ཐའེ་ལྦན་མཚོ་གླིང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཐའེ་ལྦན་གཞུང་ལ་Patriotམེ་ཤུགས་འཕུར་མདེལ་ཚོང་འགྲེམས་བྱ་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་པར་ རྒྱ་ནག་གཞུང་གིས་དགག་པ་དང་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད་བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་གིས་མཁའ་དབྱིངས་ཐོག་མེ་ཤུགས་འཕུར་མདེལ་གཏོར་རྒོལ་ཚོད་ལྟ་བྱས་པ་བརྒྱུད་དམག་དོན་གྱི་ནུས་པ་ངོམས་ཡོད་པ་རེད་ གནད་དོན་དེ་དག་ལ་རྐྱེན་པས་ཁ་ས་ཐའེ་ལྦན་གཞུང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ཐོག་ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་དབར་ཞི་མོལ་འགྲིགས་འཇག་ཀྱི་བརྒྱུད་རིམ་ནང་ ཐའེ་ལྦན་མཚོ་གླིང་རྒྱལ་ཁབ་ཀྱི་འདོད་ཚུལ་དང་ལངས་ཕྱོགས་ཀྱི་རྒྱབ་བརྟེན་ཤུགས་ཆེ་རུ་གཏོང་ཐབས་སུ་རྒྱལ་ནང་སྲུང་སྐྱོབ་དང་འབྲེལ་བའི་དམག་དོན་གྱི་གྲ་སྒྲིག་འཐུས་ཚང་དགོས་གལ་ཆེ་ལ་ དེ་ལྟར་གྲུབ་ཐབས་སུ་ཨ་རི་གཞུང་ནས་ཐའེ་ལྦན་ལ་མཁའ་དབྱིངས་ཐོག་ཚུར་རྒོལ་འགོག་སྲུང་ཐུབས་པའི་མེ་ཤུགས་འཕུར་མདེལ་དང་ གཞན་ཚད་མཐོའི་གོ་མཚོན་མུ་མཐུད་ཚོང་འགྱུར་ཡོང་བའི་འབོད་སྐུལ་ནན་བརྗོད་གནང་ཡོད་པ་རེད་ རྒྱ་ནག་སྐམ་ས་ཆེན་པོས་ཐའེ་ལྦན་ཐོག་མེ་ཤུགས་འཕུར་མདེལ་༡༠༠༠ནས་༡༥༠༠བར་དམིགས་བཙུག་བྱས་ཡོད་པར་ཐའེ་ལྦན་གཞུང་གིས་ཚོད་དཔག་གནང་གི་ཡོད་པ་རེད་༎