རྒྱ་ནག་གིས་སྡིགས་ར་སྐུལ་བ་དེས་ཐེ་ཝན་ལ་རྒྱབ་སྐྱོར་གནང་མཁན་མང་དུ་འགྲོ་རྒྱུ་ཡིན་པ་ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་གསུངས་བ།

དེ་ཡང་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་རེས་གཟའ་པ་སངས་ཉིན་སྤྱི་བསྒྲགས་ཤིག་སྤེལ་གནང་བའི་ནང་། རྒྱ་ནག་གཅིག་བསྡུས་རིང་ལུགས་ཀྱི་དམར་ཤོག་ཚོགས་པས་ཇི་ཙམ་གྱིས་སྡིགས་ར་སྐུལ་ཀྱང་དེ་ཙམ་གྱིས་ཐེ་ཝན་མི་མང་རྣམས་ཀྱི་རང་དབང་དང་དམངས་གཙོ་སྲུང་སྐྱོབ་ཀྱི་ཆོད་སེམས་དེ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་མ་ཟད། དེས་མཐུན་ཕྱོགས་ཨ་མི་རི་ཀ་དང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དེ་ཡང་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད་ཅེས་སྤྱི་བསྒྲགས་དེའི་ནང་བཀོད་གནང་འདུག གོང་ཞུས་ཀྱི་གནས་ཚུལ་འདི་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Bob Menendez གཙོས་པའི་གྲོས་ཚོགས་གོང་མའི་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་འཐུས་མིའི་ཚོགས་ཆུང་ཞིག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་སྐབས་བྱུང་བ་ཞིག་དང་། སྐབས་དེར་རྒྱ་ནག་གིས་ཐེ་ཝན་གྱི་མཚོ་ཁར་དམག་སྦྱོང་ཞིག་བྱས་ནས་ཐེ་ཝན་ལ་སྡིགས་ར་སྐུལ་ཡོད་པ་རེད་འདུག
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་Tsai Ing-wen་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐུ་ཚབ་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་ Ben Sasse ཡིས་སྤྱི་བསྒྲགས་ཤིག་སྤེལ་གནང་བ་དེའི་ནང་། རྒྱ་ནག་གིས་ཨ་མི་རི་ཀའི་རྒྱལ་ཁབ་དང་ཨ་མི་རི་ཀའི་མི་མང་གིས་འོས་འདེམས་གནང་བའི་འཐུས་མི་རྣམ་པར་སྡིགས་ར་སྐུལ་ནས་ཐུབ་ཚོད་གཏོང་ཐུབ་ཀྱི་མ་རེད་ལ། ཨ་མི་རི་ཀའི་མི་མང་རྣམས་བཙན་དབང་ཅན་ལ་དགའ་མོས་བྱ་རྒྱུའི་ཚབ་ཏུ་རང་དབང་ལ་དགའ་མོས་བྱེད་མཁན་ཐེ་ཝན་གྱི་མི་མང་ལ་རྒྱབ་སྐྱོར་བྱེད་ཀྱི་རེད་ཅེས་གསུངས་འདུག ཨ་མི་རི་ཀ་དང་ཐེ་ཝན་བར་ཕྱི་འབྲེལ་གྱི་འབྲེལ་ལམ་མེད་ནའང་ཨ་མི་རི་ཀ་ནི་ཐེ་ཝན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་དང་། གོ་མཚོན་མཁོ་སྤྲོད་ཐོག་ལའང་ཕན་ཐོགས་གནང་མཁན་གཙོ་བོ་ཞིག་ཡིན་པའི་ཐོག་ནས་དེས་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བའི་གནས་བབས་ཐོག་གནོད་སྐྱོན་ཕོགས་ཡོད་པ་རེད།།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག