གོ་མཚོན་མུ་མཐུད་ནས་ཚོང་བའི་རེ་འབོད།
2013.06.09

༄༅༎ཐེ་ཝན་གཞུང་གོ་མིང་ཏང་གིས་སྲིད་དབང་འཛིན་པ་ནས་བཟུང་རྒྱ་ནག་དང་འབྲེལ་ལམ་ཡར་རྒྱས་ཕྱིན་ཡོད་ནའང་ད་དུང་ཡང་རྒྱ་ནག་ཕྱོགས་ནས་དྲག་པོའི་འཇིགས་སྐུལ་གྱི་ཉེན་ཁ་མུ་མཐུད་གནས་ཡོད་པར་བརྟེན་ནས་ཐེ་དབན་ཕྱོགས་ནས་ཨ་མེ་རི་ཀར་ཐེ་ཝན་སྲུང་སྐྱོབ་ཀྱི་ཆེད་དུ་གོ་མཚོན་ཚོང་བསྒྱུར་ལ་འགྱུར་བ་མེད་པའི་བསྐྱར་དུ་འབོད་སྐུལ་ཞུས་ཡོད་པ་རེད།
དེ་ཡང་ཐེ་ཝན་ཕྱི་སྲིད་ལྷན་ཁང་གིས་ད་རེས་རྒྱ་ནག་གི་སྲིད་འཛིན་Xi Jinping ཨ་རིར་འཚམས་འདྲིར་བསྐྱོད་པའི་སྐབས་ལ་དམིགས་བསལ་རྟོགས་ཞིབ་བྱེད་མཁན་ཆེད་དུ་བཙུགས་པ་མ་ཟད། དབུ་ཁྲིད་གཉིས་ཀྱི་གྲོས་མོལ་ཐོག་ལ་རྟོགས་ཞིབ་བྱས་པ་ལྟར། རྒྱ་ནག་གཞུང་གིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་པའི་སྲིད་ཇུས་ཀྱི་ཐོག་ནས་ད་རེས་Xi Jinping གྱིས་ཨ་རིའི་སྲིད་འཛིན་དང་གྲོས་མོལ་གནང་བའི་སྐབས་ཨ་རིའི་ཕྱོགས་ནས་ཐེ་ཝན་ལ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་ཡོད་པར་བརྟེན་ནས་དེ་རིང་ཐེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་David Lo ཡིས་གསར་འགོད་འདུ་འཛོམས་ཐོག་ཨ་མེ་རི་ཀས་༡༩༧༩ ལོར་ཐེ་ཝན་གྱི་ཚབ་ཏུ་རྒྱ་ནག་རྒྱལ་ཁབ་ཏུ་ངོས་འཛིན་གྱིས་ཕྱི་འབྲེལ་འབྲེལ་ལམ་བཙུགས་ཡོད་པ་རེད། འོན་ཀྱང་ལོ་དེར་ཐེ་དབན་གྱི་སྲུང་སྐྱོབ་ཀྱི་ཆེད་དུ་གོ་མཚོན་ཚོང་བསྒྱུར་བྱ་རྒྱུའི་ཐེ་ཝན་དང་ཨ་རིའི་འབྲེལ་ལམ་ཞེས་པའི་གྲོས་དོན་ལ་ཨ་མེ་རི་ཀའི་གྲོས་ཚོགས་ནས་བཀའ་ཁྲོལ་གནང་ཡོད་པ་མ་ཟད། ༡༩༨༩ ལོར་ཨ་རིའི་སྲིད་འཛིན་སྐུ་ཞབས་Reagan གྱིས་སྲིད་དབང་འཛིན་པའི་སྐབས་ཨ་རིས་ཐེ་ཝན་ལ་གོ་མཚོན་ཚོང་བསྒྱུར་དུས་བཀག་ཚད་འཛིན་མེད་པ་དང། ཐེ་ཝན་ལ་གོ་མཚོན་ཚོང་བྱ་རྒྱུའི་སྔོན་ལ་རྒྱ་ནག་ལ་གྲོས་མོལ་བྱེད་མི་དགོས་ཞེས་འཁོད་པའི་དོན་ཚན་ཁག་དྲུག་ཁས་ལེན་གནང་བའི་འབྲུ་དོན་རྣམས་བརྒྱུད་བསྒྲགས་གནང་ཡོད་པ་དེ་ཚོར་གཞིགས་ཏེ་ཐེ་དབན་ལ་གོ་མཚོན་མུ་མཐུད་ཚོང་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།