ཐེ་དབན་སྲིད་འཛིན་གོ་མིང་ཏང་གི་ཚོགས་གཙོ་གནང་འཆར།
2009.06.07
༄༅༎ཐེ་དབན་གོ་མིང་ཏང་གི་ད་ལྟའི་ཚོགས་གཙོ་རིང་མིན་ཕྱི་ཟླ་དགུ་པའི་ནང་རྒས་ཡོལ་དུ་ཕྱིན་པའི་རྗེས་སྲིད་འཛིན་མ་ཡིང་ཅེའུ་བསྐྱར་དུ་གོ་མིང་ཏང་གི་ཚོགས་གཙོའི་འགན་འཁུར་བཞེས་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་རྒྱ་ཡིག་གི་གསར་ཤོག་རང་དབང་གི་དུས་དེབ་ཅེས་པའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
གསར་ཤོག་དེའི་ཐོག་ལ་མུ་མཐུད་གནས་ཚུལ་སྤེལ་བའི་ནང་གོ་མིང་ཏང་གི་ཚོགས་གཙོའི་འོས་བསྡུའི་ལས་དོན་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་དྲུག་ཉིན་བྱ་རྒྱུ་ཡིན་པ་དང་སྐབས་དེར་སྲིད་འཛིན་མ་ཡིང་ཅེའུ་ཡིས་ཚོགས་གཙོའི་འགྲན་བསྡུར་ནང་བཞེང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ བཀོད་ཡོད་པ་མ་ཟད་དེ་རིང་ད་ལྟ་གོ་མིང་ཏང་གི་ཚོགས་གཙོའི་ཐུགས་འགན་བཞེས་བཞིན་པ་ལྦུའུ་ཕོ་ཧྲིང་ཡིས་གསར་འགོད་པར་ཕྱི་ཟླ་དགུ་པའི་ནང་ཁོང་གི་གོ་མིང་ཏང་གི་ཚོགས་གཙོའི་ལས་རྒྱུན་ཚང་འགྲོ་གི་ཡོད་པར་བརྟེན་ཕྱི་ཟླ་དྲུག་པའི་ནང་སྤེལ་རྒྱུའི་ཚོགས་གཙོའི་འོས་བསྡུའི་འགྲན་བསྡུར་ནང་བསྐྱར་དུ་བཞེང་རྒྱུ་མིན་པ་དང་སྲིད་འཛིན་མ་ཡིང་ཅེའུ་ལ་གོ་གནས་དེའི་ཐོག་ལ་འགྲན་བསྡུར་བྱེད་མཁན་མེད་པར་ཁོང་ལ་གོ་མིང་ཏང་གི་ཚོགས་གཙོའི་རྒྱལ་ཁ་ཐོབ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད་ཕྱི་ལོ་༢༠༡༢ལོའི་ཐེ་དབན་སྲིད་འཛིན་གྱི་འོས་བསྡུའི་ནང་བསྐྱར་དུ་རྒྱལ་ཁ་ཐོན་རྒྱུར་ཕྱག་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། གོ་མིང་ཏང་གི་ཚོགས་གཙོ་ལྦུའུ་ཕོ་ཧྲིང་ཚོགས་གཙོའི་ཐུགས་འགན་བཞེས་པའི་རྗེས་ན་ནིང་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ཏུ་ཐེངས་དང་པོ་འཚམས་འདྲིར་ཕེབས་ཏེ་དེ་སྔོན་ཕྱི་ལོ་ཉིས་སྟོང་ལྔ་ལོར་གོ་མིང་ཏང་གི་ཚོགས་གཙོ་ཟུར་པ་ལིཡེན་ཁྲན་ལས་ཐོག་སྐབས་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་དེ་གོ་མིང་ཏང་དང་རྒྱ་ནག་དམར་ཤོག་ཚོགས་པའི་བར་ཐད་ཀར་གནམ་གྲུ་འཕུར་བསྐྱོད་སྒོ་མོ་འབྱེད་རྒྱུ་དང་ཕྱོགས་གཉིས་བར་གྱི་མཉམ་ལས་ཀྱི་འབྲེལ་ལམ་སྔར་བར་གོང་འཕེལ་གཏང་རྒྱུར་ལོ་རྒྱུས་ཀྱི་གྲོས་ཆམ་བྱུང་བ་དེའི་ལས་དོན་མཇུག་སྐྱོང་དང་ཡར་རྒྱས་གཏོང་བར་ཕེབས་ཡོད་པ་རེད། གནས་ཚུལ་དབྱེ་ཞིབ་པ་ཚོས་ད་རེས་བསྐྱར་དུ་སྲིད་འཛིན་མ་ཡིང་ཅེའུ་ལ་གོ་མིང་ཏང་གི་ཚོགས་གཙོའི་རྒྱལ་ཁ་ཐོབ་པ་ཡིན་ཚེ་ཁོང་ལ་གོ་མིང་ཏང་ནས་སྔར་བས་དབང་ཤུགས་ཆེ་རུ་འགྲོ་རྒྱུ་མ་ཟད་གྲོས་ཚོགས་ནང་ལ་འཐུས་མིའི་གྲངས་འབོར་མང་ཤོས་གོ་མིང་ཏང་ཡིན་པའི་གོ་སྐབས་དེ་དག་གིས་ཐེ་དབན་གཞུང་གི་སྲིད་ཇུས་ཁག་འགོག་རྐྱེན་མེད་པ་ཤར་བསྐྱོད་ཐུབ་རྒྱུར་སྟབས་བདེ་རུ་འགྲོ་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད༎