༸གོང་ས་མཆོག་ཐའེ་ལྦན་ལ་ཆིབས་བསྒྱུར་གནང་ཐུབ་མིན་སྐོར།
2008.12.03
༄༅༎ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇིའུ་ཡིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ལོ་རྗེས་མའི་ནང་ཐའེ་ལྦན་དུ་ཆིབས་བསྒྱུར་གནང་རྒྱུའི་དུས་ཚོད་འོད་ཤིང་འཚམས་པ་ཞིག་མ་རེད་ཅེས་བརྗོད་ཡོད་པ་རེད།
དེ་ཡང་བདུན་ཕྲག་གཅིག་ཙམ་གྱི་སྔོན་དུ་ཕྱི་ལོ་༢༠༠༩ལོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་བསྩལ་གནང་རྒྱུའི་དགོངས་པ་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་ནང་དུ་གནས་ཚུལ་ཐོན་ཡོད་སྟབས་དེ་རིང་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇིའུ་ཡིས་སྤྱིར་ཆོས་ལུགས་ཀྱི་དབུ་ཁྲིད་ཚོ་ཐའེ་ལྦན་ནང་ཕེབས་རྒྱུར་དགའ་བསུ་ཡོད་ནའང་ངའི་བསམ་པར་ད་ལྟའི་དུས་སྐབས་སུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་གནང་རྒྱུའི་དུས་སྐབས་འོས་ཤིང་འཚམས་པ་ཞིག་མ་རེད་ཅེས་བརྗོད་ཡོད་པ་གསར་འགྱུར་བརྒྱུད་ལམ་ཁག་གིས་ལུངས་འདྲེན་བྱས་པ་ལས་དེའི་གནད་དོན་གང་འདྲ་ཞིག་ཏུ་ཐུག་མིན་སྐོར་གནས་ཚུལ་ཁ་གསལ་འགྲེལ་བརྗོད་བྱས་མེད་ཀྱང་རྒྱ་ནག་གཞུང་དང་ཐའེ་ལྦན་ཡུལ་གྲུ་གཉིས་དབར་གྱི་ཚོང་དོན་འབྲེལ་ལམ་རྒྱ་སྐྱེད་གཏོང་རྒྱུའི་ཐོག་ལ་འདོད་པ་ཆེན་པོ་ཡོད་སྐོར་གསལ་སྟོན་བྱས་ཡོད་པ་རེད། ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིངས་ཇིའུ་ཡིས་ལངས་ཕྱོགས་དེ་ནི་དེ་སྔོན་གྱི་སྲིད་འཛིན་དང་རྩ་བ་ནས་མི་འདྲ་བ་རྒྱ་ནག་སྐམ་ས་ཆེན་མོར་གང་ཅིའི་ཐད་ནས་བསྟུན་ཐབས་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་མའ་དབྱིངས་ཇིའུ་ཐའེ་ལྦན་སྲིད་འཛིན་གྱི་འགན་འཁུར་བྱས་པ་ནས་ད་བར་ཟླ་བ་དྲུག་ཙམ་ཞིག་གི་རིང་རྒྱ་ནག་སྐམ་ས་ཆེན་མོ་དང་ཚོང་དོན་ལ་སོགས་པའི་འབྲེལ་བ་གང་གཟབ་གཏོང་རྒྱུའི་འབད་བརྩོན་བྱས་ཡོད་སྟབས་རིང་མིན་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐའེ་ལྦན་དུ་གདན་ཞུ་གནང་བ་ཡིན་ན་རྒྱ་ནག་ཁོང་ཁྲོ་ལངས་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད་པ་རེད་ཅེས་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད་པ་རེད།