ཐེ་ལྦན་གྱི་སྲིད་འཛིན་རྒྱ་ནག་ཏུ་ལྟ་སྐོར་བསྐྱོད་སྲིད་སྐོར།
2011.09.12
༄༅༎མ་ཡིང་ཇུ་ལ་ཐེ་ལྦན་གྱི་སྲིད་འཛིན་ཐེངས་གཉིས་པ་གནང་རྒྱུའི་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ་། ཁོང་རྒྱ་ནག་སྐམ་ས་ཆེན་མོར་ལྟ་སྐོར་ལ་ཕེབས་མཁན་ཐེ་ལྦན་གྱི་སྲིད་འཛིན་ཨང་དང་པོ་དེ་ཆགས་སྲིད་རྒྱུ་ཡིན་སྐོར་ མ་ཡིང་ཇུའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་དོ་དམ་པས་དེ་རིང་གསར་ལམ་ལ་གསུང་བཞག།
དེའི་གོང་ལ་གཞུང་འཛིན་གོ་མིང་ཏང་ཚོགས་པའི་དབུ་ཁྲིད་མ་ཡིང་ཇུ་ཡིས་རྒྱ་ནག་ལ་ལྟ་སྐོར་གནང་རྒྱུའི་དུས་ཚོད་རན་འཚམ་ཞིག་མ་ཤར་གོང་ཕྱོགས་གཉིས་དབར་འགྲིག་འཇགས་བྱ་རྒྱུའི་གནད་དོན་མང་པོ་ཞིག་ད་དུང་ལྷག་ཡོད་སྐོར་གསུང་ཡོད་པ་རེད་ལ། དེ་སྔ་༡༩༤༩ལོར་ཐེ་ལྦན་དང་རྒྱ་ནག་གཉིས་ཁག་སོ་སོར་གྱེས་པའི་རྗེས་ ཐེ་ལྦན་གྱི་སྲིད་འཛིན་སུ་ཞིག་ཀྱང་རྒྱ་ནག་ལ་ཕེབས་མེད་པ་རེད།
འོན་ཀྱང་ མ་ཡི་ཇུ་དང་ཧ་ཅང་འབྲེལ་ཐག་ཉེ་བའི་འོས་བསྡུའི་དྲིལ་བསྒྲགས་དོ་དམ་པ་ཀིང་པུ་ཚུང་ཡིས་ ཨ་རིའི་ནང་ཧོང་ཀོང་གི་བརྙན་འཕྲིན་ཕི་ནིཀ་སི་གི་བཅར་འདྲིར་ལན་འདེབས་གནང་སྐབས། ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་མ་ཡིང་ཇུ་ཐེ་ལྦན་གྱི་སྲིད་འཛིན་ལ་བསྐྱར་དུ་འོས་འདེམས་བྱུང་བ་ཡིན་ན་ཁོང་རྒྱ་ནག་སྐམ་ས་ཆེན་པོར་ཕེབས་མ་སྲིད་པ་མིན་སྐོར་འགྲེལ་བརྗོད་དང་འབྲེལ། ཕྱོགས་གཉིས་དབར་རྩོད་གཞིའི་གནད་དོན་ཟུར་འཇོག་གིས་ཕན་ཚུན་དབར་དོན་ཕན་ལྡན་པའི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་ཐབས་ལམ་འཚོལ་ཞིབ་ཐུབ་ཚེ་སྲིད་འཛིན་ མ་ཡིང་ཇུ་རྒྱ་ནག་ལ་ཕེབས་ཡག་དང་དེ་མིན་གནད་དོན་གཞན་ཐོག་བསམ་ཞིབ་བྱ་རྒྱུར་ཡར་རྒྱས་འགྲོ་སྲིད་པ་ཞིག་རེད་ཅེས་གསུངས་བཞག།
ཀིང་གི་གཏམ་བཤད་དེའི་ཐད་ཕ་རེན་སི་གསར་ལས་ཁང་གིས་ཐའེ་ཕེ་ནང་ཡོད་པའི་སྲིད་འཛིན་མ་ཡིང་ཇུ་ཡི་མགྲིན་ཚབ་པ་ཕན་ཁྲིའང་ཐའེ་ཁྲི་ལ་དོགས་དྲི་བྱ་སྐབས་ ད་ལྟའི་ཆར་དེ་འདྲའི་འཆར་གཞི་གང་ཡང་མེད་ལུགས་གསུངས་བཞག།
དེ་དང་ཕྱོགས་མཚུངས་ཐེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་ཨིང་ལྦེན་དེ་རིང་ཨ་རིའི་ནང་ཕེབས་ཡོད་པ་དང༌། ཁོང་ད་རེས་ཨ་རིའི་ནང་ཕེབས་དགོས་པའི་རྒྱུ་མཚན་དེ། ཨ་རིའི་འཛིན་སྐྱོང་མི་སྣ་དང་ལྷན་དུ་ཕྱོགས་ཕན་ཚུན་དབར་གྱི་འབྲེལ་ལམ་དང། དེ་མིན་གནད་དོན་གཞན་མང་པོ་ཞིག་སྐོར་གྲོས་བསྡུར་གནང་བར་ཕེབས་ཡོད་སྐོར་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་བཞག།