ཐེ་ཝན་གྱི་སྲིད་འཛིན་ཨ་རིར་ཕེབས་ནས་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་མཐོར་རུ་གཏོང་རྒྱུ་ཡིན་པ་གསུངས་འདུག

2024.12.03
ཐེ་ཝན་གྱི་སྲིད་འཛིན་ཨ་རིར་ཕེབས་ནས་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་མཐོར་རུ་གཏོང་རྒྱུ་ཡིན་པ་གསུངས་འདུག ཐེ་ཝན་གྱི་སྲིད་འཛིན Lai Ching-te
ཨེ་པི།

ཐེ་ཝན་གྱི་སྲིད་འཛིན་མཆོག་རེས་གཟའ་སྤེན་པའི་ཉིན་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གཟིགས་སྐོར་དུ་ཕེབས་ཐོན་གནང་བའི་ལམ་ཞོར་དུ་ཨ་རིའིHawaii དང་ Guam ས་ཁུལ་ཉིན་གཉིས་ལ་བཞུགས་ཡོད་འདུག་ལ། ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིན་ཏིག་ལགས་ལ་ཐེ་ཝན་གྱི་སྲིད་འཛིན་སྔོན་མ་དག་ལས་ཀྱང་ལྷག་པའི་སྣེ་ལེན་བྱས་ཡོད་པ་མ་ཟད། ཨ་རིའི་ཤར་ནུབ་ཞིབ་འཇུག་ལྟེ་གནས་ཞེས་པར་དབྱིན་སྐད་ཀྱིས་གསུང་བཤད་གནང་ཡོད་འདུག་ལ། ཁོང་གིས་གསུང་བཤད་སྐབས་སུ། ཐེ་ཝན་གྱིས་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དང་འཛམ་གླིང་ལ་གཙོ་བོ་ལས་དོན་གསུམ་གྱི་སྟེང་ནས་ཧུར་ཐག་གིས་ནུས་པ་འདོན་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་སྟེ། ཐེ་ཝན་གྱིས་ཧུར་ཐག་གིས་ཞི་བདེའི་ཀ་བ་བཞི་ལག་བསྟར་བྱ་རྒྱུར་ནུས་པ་འདོན་བཞིན་ཡོད་པ་དང་། ཧུར་ཐག་གིས་གོ་ལ་ཧྲིལ་པོའི་ཚོང་ལམ་གྱི་འབྲེལ་ཐག་ལ་ནུས་པ་དང་བྱས་རྗེས་འཇོག་བཞིན་ཡོད་པ། ཧུར་ཐག་གིས་ཐེ་ཝན་མཚོ་གླིང་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་ནུས་པ་འདོན་བཞིན་ཡོད་པའི་སྐོར་དང་། མུ་མཐུད་དུ་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་མཐོར་རུ་བཏང་ནས། ཀུན་ཁྱབ་ཀྱི་ལྟ་གྲུབ་གཅིག་པའི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་གྱིས། སྟོབས་ཤུགས་ཀྱིས་ཞི་བདེ་དང་ཀུན་ཁྱབ་ཀྱི་འདུ་ཤེས། རང་དབང་དང་དམངས་གཙོ། ཁྲིམས་ལུགས་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་གནང་རྒྱུ་ཡིན་པའི་སྐོར་གྱི་གཏམ་བཤད་གནང་ཡོད་ལ། ཐེངས་འདི་ནི་ཐེ་ཝན་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་ཕྱིའི་རྒྱལ་ཁབ་ཁག་ཏུ་འཚམས་གཟིགས་གནང་བ་ཐོག་མ་དེ་ཡིན་པ་རེད་ལ། སྲིད་འཛིན་གྱི་ཐུགས་འགན་བཞེས་རྗེས་སུ་ཨ་རིའི་ནང་དུ་འཚམས་གཟིགས་གནང་བ་ཐོག་མ་དེའང་ཡིན་སྟབས། གནས་ཚུལ་དེར་རྒྱ་ནག་ཁོང་ཁྲོ་ལངས་ཡོད་པའི་གསལ་བསྒྲགས་ཀྱང་སྤེལ་ཡོད་པ་རེད།

ཐེངས་འདིར་ཐེ་ཝན་གྱི་སྲིད་འཛིན་ཨ་རིར་ཕེབས་པ་དེ་ཐེ་ཝན་གྱི་སྲིད་འཛིན་སྔོན་མ་དག་དང་མི་འདྲ་བའི་སྐོར་ནས། ཐེ་ཝན་དུ་གཞུགས་པའི་རྒྱ་ནག་གི་སྲིད་དོན་དབྱེ་ཞིབ་པ་གྲགས་ཅན་ཧྲི་པན་མེན་ཧྥུ་ལགས་ཀྱིས་དོན་ཚན་རིགས་གསུམ་གྱི་སྒང་ནས་དབྱེ་ཞིབ་གནང་ཡོད་པ་སྟེ། ཁོང་གིས་གསུངས་དོན། དང་པོ་དེ་ནི་ཐེ་ཝན་གྱི་ཕྱི་འབྲེལ་གྱི་ཚུར་སྒུལ་རང་བཞིན་གྱི་ཐོད་བརྒལ་ཞིག་རེད། རྒྱུ་མཚན་ནི་སྔོན་མ་ཡིན་ན་ཐེ་ཝན་གྱི་ཕྱི་འབྲེལ་གྱི་ལས་དོན་དེ་ཐེ་ཝན་རང་ངོས་ནས་རྒྱལ་ཁབ་གང་དེར་ཧུར་ཐག་གིས་ཕར་འབྲེལ་བ་དང་རེ་སྐུལ་བྱས་པ་བརྒྱུད་ནས་མངོན་འགྱུར་བྱུང་དགོས་པ་ཞིག་རེད། ཡིན་ནའང་ཐེངས་འདིར་ཨ་རིའི་འབྲེལ་ཡོད་དབུ་ཁྲིད་ཀྱིས་སྣེ་ལེན་བྱ་སྟངས་དང་། མེ་ཏོག་གི་ཆུན་པོ་དང་ཚགས་པར་བཅས་ཀྱི་སྟེང་དུ་རང་ཤུགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་ཞེས་རྒྱལ་ཁབ་ཕར་ཕྱོགས་ནས་བཏོན་ཡོད་པ་དེ་ནི། ཐེ་ཝན་གྱི་རྒྱལ་སྤྱིའི་གོ་གནས་དེ་རིམ་བཞིན་འཕར་བཞིན་ཡོད་པའི་མཚོན་རྟགས་ཤིག་རེད། ཡང་ཁོང་གིས། གཉིས་པ་དེ་ནི་ཐེངས་འདིར་ཐེ་ཝན་གྱི་སྲིད་འཛིན་ཨ་རིར་ཕེབས་པའི་དུས་སྐབས་འདི་ནི། ཨ་རིའི་སྲིད་འཛིན་སྦེ་ལྡན་དང་བདམས་ཐོན་སྲིད་འཛིན་ཁྲོམ་པུ་གཉིས་བརྗེ་སྤོར་བྱ་ལ་ཉེ་བའི་དུས་སྐབས་ཤིག་ལ་ཁེལ་ཡོད་ཅིང་། བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་ཁྲོམ་པུ་ཡིས་ཐེ་ཝན་ལ་བཟུང་བའི་སྲིད་ཇུས་དེ་ནི་སྔོན་དང་འདྲ་བའི་མངོན་གསལ་དོད་པའི་མཁྲེགས་པོ་ཞིག་འཛིན་མིན་གྱི་གསལ་ཁ་མ་བཏོན་པར་མག་མོག་ལྟ་བུའི་སྐད་ཆ་བཤད་ཀྱིན་ཡོད་པའི་སྐབས་འདིར། ཐེ་ཝན་གྱི་སྲིད་འཛིན་ཆེད་དུ་ཨ་རིར་ཕེབས་ནས་གཏམ་བཤད་ཀྱིས། ཐེ་ཝན་གྱི་གལ་ཆེན་རང་བཞིན་དེ་ཨ་རིའི་སྲིད་འཛིན་ཁྲོམ་པུ་དང་འཛམ་གླིང་སྤྱི་ཚོགས་ཀྱིས་ཤེས་ཚོར་དང་དོ་སྣང་གནང་ཐུབ་པའི་ནུས་པ་ཞིག་ཡོད་ཅེས་དང་། གསུམ་པ་དེ་ནི། རྒྱ་ནག་ལ་མཚོན་ན་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ཡིན་ནའང་རྒྱ་ནག་དང་ཨ་རིའི་བར་གྱི་འབྲེལ་ལམ་དེ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ཨ་རིའི་སྲིད་འཛིན་ཁྲོམ་པུ་ཡིས་རྒྱ་ནག་ལ་སྒོ་ཁྲལ་རྒྱག་རྒྱུའི་མཚོན་པའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་དམ་དུ་གཏོང་རྒྱུ་ཡིན་པ་མ་ཟད། མིག་སྔར་ཉི་ཧོང་གི་སྲིད་བློན་གྱིས་ཀྱང་ཐེ་ཝན་རྒྱལ་ཁབ་ཅིག་ལ་ངོས་འཛིན་གྱིས་གཏམ་བཤད་བྱས་པ་སོགས་འཛམ་གླིང་གི་དམངས་གཙོ་རྒྱལ་ཁབ་ཡོངས་ཀྱིས་རྒྱ་ནག་ལ་ལྟ་སྟངས་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས། རྒྱ་ནག་གིས་ངོ་རྒོལ་གང་འདྲ་ཞིག་བྱས་ནའང་། རྒྱ་ནག་གི་ཕྱི་འབྲེལ་གྱི་སྲིད་ཇུས་དེ་ནུས་མེད་དང་རྒྱལ་སྤྱི་སྟེང་དུ་གོ་གནས་ཉམས་རྒུད་དུ་གྱུར་ནས་ངོ་རྒོལ་གང་འདྲ་ཞིག་བྱས་ནའང་ངལ་བ་འབྲས་མེད་དུ་གྱུར་ཡོད་པ་དེའི་སྟེང་ནས། རྒྱ་ནག་དང་ཐེ་ཝན་གྱི་རྒྱལ་སྤྱིའི་སྟེང་གི་ལྟ་ཚུལ་དང་གོ་གནས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་མཚོན་གྱིན་འདུག་ཅེས་འགྲེལ་བརྗོད་གནང་ཡོད་འདུག

འདི་ནི་ཐེ་ཝན་གྱི་སྲིད་འཛིན Lai  Ching-te བདུན་གཅིག་རིང་ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཡོད་པའི་རྒྱལ་ཁབ་ Marshall Islands དང་ Tuvalu, Palau བཅས་ཐེ་ཝན་དང་གཞུང་འབྲེལ་ཡོད་པའི་རྒྱལ་ཁབ་གསུམ་གྱི་ནང་དུ་མཚམས་གཟིགས་གནང་རྒྱུ་ཡིན་པ་དང་། ཕེབས་ལམ་དུ་ཨ་རིའི་ Hawaii དང་ Guam ས་ཁུལ་དུ་འཚམས་གཟིགས་གནང་བ་དེར་རྒྱ་ནག་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་ནས་ངོ་རྒོལ་བྱས་ཡོད་འདུག།

གསར་འགོད་པ། ཀེ་ཐོ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎