ཐའེ་ལྦན་དུ་ཕྲུ་གུ་སྐྱེ་འཕེལ་ལ་སྐུལ་འདེད།
2011.01.04
༄༅༎ཐའེ་ལྦན་གཞུང་གིས་ཨ་མི་རི་ཀའི་ཌོ་ལར་ཐེར་འབུམ་གཅིག་ལྷག་གི་འགྲོ་གྲོན་བཏང་སྟེ། ཕྲུ་གུ་སྐྱེས་འཕེལ་གྱི་གྲངས་འབོར་འཕེལ་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།
ཐའེ་ལྦན་ནི་འཛམ་གླིང་ནང་ནས་མི་འབོར་ཉུང་ཤོས་གྲས་ཤིག་ཡིན་ཞིང༌། དེར་བརྟེན་ཐའེ་ལྦན་གྱི་དཔལ་འབྱོར་འཆར་གཞི་དང་ཡར་རྒྱས་ལས་ཁང་གིས་ལོ་འཁོར་དངུལ་རྩིས་ཨ་རིའི་ཌོ་ལར་ས་ཡ་གཅིག་དང་གྲངས་ཆུང་གསུམ་གྱི་འཆར་གཞི་བཀོད་དེ། ཕྱི་ལོ་༢༠༡༢ནས་བཟུང་ཐའེ་ལྦན་ནང་དུ་ཕྲུ་གུ་སྐྱེས་འཕེལ་དང་ཕྲུ་གུ་འཚར་ལོངས་ལ་རོགས་རམ་བྱ་རྒྱུའི་ལས་དོན་ཞིག་འགོ་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
ལས་དོན་གྱི་འཆར་གཞི་དེའི་ནང༌། ཕྱི་ལོ་༢༠༡༢ནས་བཟུང་སྟེ་ཐའེ་ལྦན་ནང་དུ་ཕྲུ་གུ་གསར་དུ་སྐྱེས་པ་ནས་ལོ་གཉིས་བར་གྱི་ཁྱིམ་ཚང་མི་རེ་ངོ་རེ་ཟླ་རེར་རོགས་དངུལ་ཐའེ་ལྦན་གྱི་སྒོར་གསུམ་སྟོང་སྤྲོད་རྒྱུ་དང༌། ཡང་ཕྲུ་གུ་ལོ་གཉིས་ནས་ལོ་དྲུག་བར་སློབ་གྲར་བསྐྱོད་མཁན་ཚོར་ལོ་རེར་རོགས་དངུལ་ཐའེ་ལྦན་གྱི་སྒོར་ཁྲི་གསུམ་རེར་གནང་རྒྱུ་ཡིན་ཞིང༌། ལས་དོན་འཆར་གཞི་དེའི་དམིགས་ཡུལ་ནི། ཐའེ་ལྦན་གཞུང་ཕྱོགས་ནས་མི་དམངས་ཚོར་ཕྱི་ལོ་༢༠༡༢འབྲུག་གི་ལོ་དེའི་ནང་དུ་ཕྲུ་གུ་མང་ཙམ་སྐྱེས་འཕེལ་ཡོང་རྒྱུར་སྐུལ་འདེད་དང་སེམས་ཤུགས་སྤེལ་ཐབས་གནང་བ་ཞིག་ཡིན་པ་རེད།
ཐའེ་ལྦན་གཞུང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཕྱི་ལོ་༢༠༡༠སྟག་གི་ལོ་ལ་ཐེ་དབན་ནང་ཕྲུ་གུ་གསར་དུ་སྐྱེས་མཁན་ཧ་ཅང་གི་ཉུང་ཉུང་ལས་བྱུང་མེད་ཅིང༌། དེ་ཡང་ཕ་མ་ཁག་ཅིག་གིས་རྒྱ་མིའི་ནག་རྩིས་ཀྱི་རིག་པའི་གཞུང་ལུགས་ནང་གནམ་ལོའི་རྟགས་མཚན་ངན་པའི་སྐབས་ལ་དོགས་པ་རྣམ་རྟོག་གིས་རྐྱེན་པས་ལོ་དེའི་ནང་ཕྲུ་གུ་སྐྱེས་རྒྱུ་འདོད་པ་བྱེད་ཀྱི་མེད་པའི་གནས་སྟངས་ལ་བརྟེན་ཐའེ་ལྦན་གཞུང་ཕྱོགས་ནས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་ཕ་མ་ཚོར་ཕྲུ་གུ་སྐྱེས་རྒྱུའི་བློ་ཁ་འགུག་ཐབས་བྱས་ཏེ་ཕྲུ་གུ་སྐྱེས་འཕེལ་གྲངས་ཀ་འཕེལ་རྒྱས་འགྲོ་རྒྱུར་འབད་བརྩོན་གནང་བཞིན་ཡོད་པ་རེད། ཐའེ་ལྦན་གཞུང་གིས། དེ་ལྟར་འབད་བརྩོན་གནང་བའི་དམིགས་ཡུལ་ནི།
ཐའེ་ལྦན་ནང་སྤྱི་ཡོངས་ཀྱི་ཆ་ནས་བྱས་ན་བེུད་རེ་རེར་ཕྲུ་གུ་གསར་པ་གཉིས་རེ་སྐྱེས་དགོས་ཀྱི་ཡོད་ཀྱང་༢༠༠༩ལོའི་ཕྲུ་གུ་སྐྱེས་པའི་སྤྱི་ཡོངས་ཀྱི་གྲངས་ཀ་ཡང་ཉུང་དུ་ཕྱིན་ཡོད་པར་བརྟེན་ནས་ཐའེ་ལྦན་ནང་གི་མི་འབོར་འཕེལ་རྒྱས་མ་ཕྱིན་པ་ཡིན་ཚེ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་ཆགས་རྒྱུའི་བློ་འཚབ་ཆེ་རུ་འགྲོ་གི་ཡོད་པ་རེད།