ཐའེ་ལྦན་ཡར་ཐོན་ཚོགས་པའི་ཚོགས་གཙོ་སྲིད་འཛིན་འོས་དམིཌ།
2010.11.29
༄༅༎ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚའེ་ཨིང་ལྦེན་ཁ་ཉིན་རེས་གཟའ་ཉི་མ་ཉིན་ནིའུ་ཐའེ་ཕེ་ ཞེས་པའི་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུའི་ནང་ཕམ་ཉེས་བྱུང་མིན་ལ་མ་ལྟོས་པར་ཕྱི་ལོ་༢༠༡༢ལོའི་ཐའེ་ལྦན་གྱི་སྲིད་འཛིན་གྱི་འོས་བསྡུའི་ནང་བཞེངས་རྒྱུའི་རེ་བ་ཡོད་པ་རེད་
ཐའེ་ལྦན་གྱི་རྒྱ་ནག་དུས་བབ་ཅེས་པའི་གསར་ཤོག་དེས་མི་མང་གི་བསམ་ཚུལ་བསྡུ་ལེན་གནང་བའི་ནང་ཁ་ཉིན་ལྕམ་ཚའེ་ཨིང་ལྦེན་ལ་འོས་བསྡུའི་ནང་ཕམ་ཉེས་བྱུང་ནའང་ཐའེ་ལྦན་གྱི་མི་མང་བརྒྱ་ཆ་༢༨ཀྱིས་ཁོང་ཕྱི་ལོ་༢༠༡༢ལོར་གོ་་མིན་ཏང་གི་དལྟའི་སྲིད་འཛིན་མ་ཡིན་ཇོའི་ཡི་ཁ་གཏད་དུ་བཞེངས་རྒྱུར་རྒྱབ་བསྐྱོར་གནང་གི་ཡོད་པ་རེད་
གོང་ཞུས་མི་མང་གི་བསམ་ཚུལ་བསྡུ་ལེན་དེའི་ནང་ཁ་ཉིན་རྒྱལ་ས་ཐའེ་ཕེའི་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུའི་ནང་ཕམ་ཉེས་བྱུང་མཁན་དང་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གཞོན་པའི་ཕྱག་ལས་གནང་མྱོང་མཁན་སུའུ་ཚེང་ཁྲང་ལ་མ་འོང་པའི་སྲིད་འཛིན་གྱི་འོས་དམིགས་ཐོག་མི་མང་གི་རྒྱབ་བསྐྱོར་གྱི་བརྒྱ་ཆ་དེ་༢༠ཙམ་ལས་མེད་པ་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད་ རེས་གཟའ་ཉི་མའི་ཐའེ་ལྦན་གྱི་གྲོང་ཁྱེར་ལྔའི་སྤྱི་ཁྱབ་པའི་འོས་བསྡུའི་ནང་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་དེ་ཙམ་ཐོབ་མེད་ཀྱང་གནད་དོན་དབྱེ་ཞིབ་གནང་མཁན་དང་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་ཐོབ་ཀྱི་གྲངས་འབོར་དེ་ཡག་པོ་བྱུང་བར་ངོས་འཛིན་གནང་གི་ཡོད་པ་རེད་
གཞུང་འབྲེལ་གྱི་འོས་བསྡུའི་གྲངས་འབོར་ནང་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པར་རེས་གཟའ་ཉི་མའི་འོས་བསྡུ་དེའི་ནང་མི་མང་བརྒྱ་ཆ་ ༥༠མིན་ཙམ་གྱིས་རྒྱབ་བསྐྱོར་གནང་ཡོད་པ་དང་གཞུང་འཛིན་གུང་མིན་ཏང་ཚོགས་པར་འོས་བསྡུའི་གྲངས་འབོར་བརྒྱ་ཆ་༤༥ཙམ་ལས་ཐོབ་མེད་པ་རེད་ དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚའེ་ཡིས་ཕྱི་ལོ་༢༠༠༨ལོའི་ཐའེ་ལྦན་གྱི་སྲིད་འཛིན་གྱི་འོས་བསྡུའི་ནང་ཚོགས་པར་ཕམ་བྱུང་ཆེན་པོ་བྱུང་བར་གཞིགས་ན་དལྟའི་འོས་བསྡུའི་གནས་བབ་དེ་ཧ་ཅང་གི་དྲག་ཏུ་ཕྱིན་ཡོད་པ་གཟིགས་ཡོད་སྐོར་གསུངས་འདུག