རྒྱ་ནག་སྐམ་ས་དང་ཞི་མཐུན་དུ་གནས་རྒྱུའི་ཁས་ལེན།
2011.11.22
༄༅༎ཐེ་ལྦན་གྱི་སྲིད་དོན་ཕྱོགས་འགལ་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ལྕམ་ཚཡི་ཨིང་ལྦན་གྱིས་ཁོང་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ་རྒྱ་ནག་སྐམ་ས་ཆེན་པོ་དང་ཞི་མཐུན་ངང་གནས་རྒྱུའི་ཁས་ལེན་གནང་ཡོད་པ་རེད།
ཕྱི་ཟླ ༡ ཚེས་ ༡༤ ཉིན་ཐེ་ལྦན་རྒྱལ་ཡོངས་སུ་སྲིད་འཛིན་གྱི་འོས་བསྡུ་གཉེར་རྒྱུ་ཡིན་པ་དང་ ད་ལྟའི་སྐབས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲུབ་འབྲས་ལ་གཞིགས་ཚེ་ལྩམ་ཚཡི་ཨིང་ལྦན་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་ཀྱང་ ཐེ་ལྦན་ནང་གི་འོས་འཕེན་པ་ཁག་ཅིག་དང་ གོ་མིང་ཏང་གི་ཚོགས་པ་སོགས་ནས་ ཐེ་ལྦན་མང་གཙོ་ཡར་ཐོན་ཚོགས་པ་ནི་ ཐེ་ལྦན་རང་བཙན་འདོད་མཁན་གྱི་ཚོགས་པ་ཞིག་ཡིན་སྟབས་ ཚོགས་པ་དེ་གཞུང་འཛིན་དུ་འདེམས་ཐོན་བྱུང་ཚེ་རྒྱ་ནག་སྐམ་ས་ཆེན་པོ་དང་འཁོན་འཁྲུག་འབྱུང་རྒྱུའི་ཉེན་ཁ་ཡོད་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པར་བརྟེན་ ལྕམ་ཚཡི་ཨིང་ལྦན་གྱིས་ ང་ཚོའི་ངོས་ནས་ཐེ་ཝན་གྱི་གཞི་རྩའི་ཁེ་ཕན་དཀྱུར་འཇོག་མི་བྱེད་པའི་ཐོག་ནས་མཚོ་སྒག་ཕན་ཚུན་གྱི་འཁོན་འཛིན་ཞི་ཐབས་དང་ ཕན་ཚུན་གྲོས་མོལ་བྱེད་པའི་ཁོར་ཡུག་ཞིག་བསྐྲུན་ཐབས་ལ་འབད་བརྩོན་གང་ཡོང་བྱེད་རྒྱུ་ཡིན་ཅེས་གསུངས་པ་དང་ཆབས་གཅིག་ ཁོང་སྲིད་འཛིན་དུ་འདེམས་བསྐོ་བྱུང་ཚེ་ཁོང་གི་གཞུང་ནས་ཐེ་ལྦན་དང་ཨ་མི་རི་ཀའི་འབྲེལ་ལམ་དེ་ཐེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་འབྲེལ་ལམ་ལས་གལ་འགངས་ཆེ་བར་ངོས་འཛིན་གནང་རྒྱུ་ཡིན་པ་ཡང་གསལ་བཤད་གནང་ཡོད་པ་རེད།