ཐའེ་ལྦན་རང་བཙན་དོན་གཉེར་བས་རྒྱའི་དཔོན་རིགས་ལ་ངོ་རྒོལ།
2008.10.20
༄༅༎རྒྱ་ནག་གཞུང་གི་དཔོན་རིགས་ཤིག་ཐའེ་ལྦན་ལ་འཚམས་འདྲི་ཕེབས་པའི་སྐབས་ཐའེ་ལྦན་རང་བཙན་དོན་གཉེར་བ་ཁག་ཅིག་ནས་ངོ་རྒོལ་བྱས་ཡོད་འདུག
རྒྱ་ནག་གི་མཚོ་ཁ་གཉིས་འབྲེལ་མཐུད་ལས་དོན་ཚན་པའི་སྤྱི་ཁྱབ་གཞོན་པ་ཀྲང་མིང་ཆིང་ཐའེ་ལྦན་ལ་འཚམས་འདྲིར་ཕེབས་ཡོད་པ་དང་དེ་རིང་རེས་གཟའ་ཟླ་བའི་ཉིན་ཁོང་གིས་ལྷོ་ཕྱོགས་ཐའེ་ནན་ས་ཁུལ་གྱི་གཙུག་ལག་སློབ་གཉེར་ཁང་དུ་བགྲོ་གླེང་ཚོགས་འདུ་ཞིག་ཐོག་གསུངས་བཤད་གནང་བའི་སྐབས་སློབ་ཕྲུག་ཅིག་གིས་ཐའེ་ལྦན་རང་བཙན་ཡིན་པ་ལས་རྒྱ་ནག་གི་ཆ་ཤས་མིན་ཞེས་བརྗོད་ཚིག་འཁོད་པའི་ཡིག་སྦྱང་འཁྱེར་བ་དང་དེ་བཞིན་སློབ་གྲྭའི་ཕྱི་ཕྱོགས་སུ་རྒྱ་ནག་དམར་པོ་ཕྱིར་ལོག།ཐའེ་ལྦན་རང་བཙན་ལ་སྲུང་སྐྱོབ་བྱེད་དགོས།རྒྱ་ནག་དང་ཐའེ་ལྦན་གཉིས་རྒྱལ་ཁབ་ཐ་དད་རེད་ཅེས་འབོད་ཚིག་སྒྲོགས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག བརྙན་འཕྲིན་བརྒྱུད་ལམ་ནས་གནས་ཚུལ་བཏོན་པར་ལྟར་ན་རྒྱ་ནག་གི་དཔོན་རིགས་མིང་ཆིང་གིས་ང་འདིར་མ་སླེབས་པའི་གོང་ཐའེ་ནན་ས་ཁུལ་གྱི་མི་མང་ཚོས་ཕྱི་ཕྱོགས་ནས་ཡོང་མཁན་ལ་དགའ་བསུའི་སྣེ་ལེན་ཡག་པོ་ཞུ་གི་ཡོད་ལུགས་འགྲེལ་བརྗོད་བྱས་བྱུང་འོན་ཀྱང་འདི་ལྟབུའི་སྣེ་ལེན་བྱེད་ཀྱི་རེད་བསམ་པ་མེད། དེ་འདྲ་ཡིན་དུས་ད་ལྟའི་གནས་ཚུལ་འདི་ནས་ངའི་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཞེས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།
སྤྱིར་བཏང་ལོ་འདིའི་ཕྱི་ཟླ་ལྔ་པའི་ནང་ཐའེ་ལྦན་གོ་མིང་ཏང་ཚོགས་པར་རྒྱལ་ཁ་ཐོབ་ནས་སྲིད་འཛིན་གསར་པ་མ་དབྱིང་ཇུ་མཆོག་བསྐོ་འདེམས་བྱུང་བ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་པོའི་མཉམ་འབྲེལ་བའི་ཁ་ཕྱོགས་ཕྲན་བུའི་བཟང་དུ་ཕྱིན་ཡོད་རེད་ལ་རིང་མིན་ཕན་ཚུན་གཉིས་དབར་ཚོང་འབྲེལ་དང་གནམ་གྲུ་ཐད་འཕུར་བྱེད་རྒྱུའི་འཆར་གཞི་སོགས་ཀྱི་ཐོག་གྲོས་མོལ་གནང་འཆར་ཡོད་པ་རེད་ འོན་ཀྱང་ཐའེ་ལྦན་རང་བཙན་ཐ་དད་ཡིན་པའི་བརྩོད་ལེན་བྱེད་མཁན་ཚོས་འདོད་མོས་མེད་པའི་རྣམ་འགྱུར་བསྟན་བཞིན་ཡོད་པ་མ་ཟད་ད་རེས་རྒྱ་ནག་གི་དཔོན་རིགས་ཕེབས་པའི་སྐབས་དོངས་སུ་ངོ་རྒོལ་བྱས་ཡོད་པ་རེད།