ཐའེ་ལྦན་གྱི་དམག་དཔོན་ཞིག་ལ་ཁྲིམས་ཞིབ།
2011.05.20
༄༅༎ཐའེ་ལྦན་གྱི་དམག་དཔོན་ཞིག་གིས་རྒྱ་ནག་ལ་དམག་དོན་གསང་བ་ཕྱིར་གྱར་བྱས་པའི་ཉེས་བཙུགས་ཀྱིས་ཐའེ་ལྦན་ནང་དངོས་སུ་ཁྲིམས་གཏུགས་བྱས་ཡོད་འདུག ཐའེ་ལྦན་སྲུང་སྐྱོབ་ལས་ཁང་གི་དམག་དོན་ཁྲིམས་ཁང་གིས་རྒྱ་ནག་སྐམ་སར་ཐའེ་ལྦན་གྱི་དམག་དོན་གསང་བ་ཕྱིར་གྱར་བྱེད་མཁན་དམག་དཔོན་ལོའོ་ཞན་གྲཨའ་ལ་སོ་པའི་ཉེས་བཙུགས་ཐོག་ནས་དངོས་སུ་ཁྲིམས་ཞིབ་བྱས་ཡོད་པ་དང་ ཐའེ་ལྦན་དམག་དོན་ཞིབ་དཔྱོད་ཁང་གིས་ལོའོ་ལ་ཚེ་བཙོན་གྱི་ཉེས་ཆད་གཏོང་རྒྱུའི་དགོས་འདུན་ཁྲིམས་ཁང་ལ་བཏོན་ཡོད་འདུག དམག་དཔོན་ལོའོ་ལ་ཉེས་བཙུགས་བྱས་པའི་ནག་ཉེས་ནང་ཐའེ་ལྦན་སྐམ་མཚོ་མཁའ་དམག་གི་དམག་དོན་གསང་བའི་གནས་ཚུལ་རྒྱ་ནག་ལ་ཕྱིར་གྱར་བྱས་པ་དང་ དེ་བཞིན་ལྐོག་ཟ་བྱས་པ་སོགས་ཀྱི་ཉེས་བཙུགས་བྱས་ཡོད་ཅིང་ དམག་དོན་་ཞིབ་དཔྱོད་ཁང་གིས་ཉེས་བཙུགས་དེའི་ནང་དམག་དཔོན་ལོའོ་ཞན་གྲཨའ་ཡིས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཏང་བ་མ་ཟད་ རྒྱ་ནག་གི་བདེ་འཇགས་ལ་ཡང་ཉེན་ཚབས་བཟོས་ཡོད་པ་དང་ ཁོ་པའི་བྱ་སྤྱོད་ཀྱིས་རྐྱེན་པས་ཐའེ་ལྦན་གྱི་དམག་དཔུང་གི་སེམས་ཤུགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་ལུགས་སོགས་འཁོད་ཡོད་འདུག གྱོད་བཙུགས་པས་བརྗོད་དོན་ལྟར་ན་ གྱོད་དོན་དེའི་ཐོག་ད་ལྟ་ཡང་ཞིབ་ཕྲའི་བརྟག་དཔྱད་བྱེད་མུས་དང་ལྷག་དོན་དམག་དོན་ལོའོ་ཡིས་ནག་ཉེས་ཁས་ལེན་དང་ ལྐོག་དངུལ་ཕྱིར་སྤྲོད་བྱས་པར་བརྟེན་ནས་ ཁོ་པར་སྲོག་ཐོག་ཉེས་ཆད་གཏོང་མི་དགོས་པར་ཚེ་བཙོན་གྱི་ཉེས་པ་གཏོང་རྒྱུ་ཁྲིམས་ཞིབ་ཐག་གཅོད་བརྗོད་ཡོད་འདུག རང་ལོ་༥༡ལ་སོན་པའི་དམག་དཔོན་ལོའོ་ནི་དམག་མིའི་ཁྱིམ་ཚང་གྱི་རྒྱུད་པ་ཡིན་ཞིང་ ད་རེས་ཁོ་པས་ཐའེ་ལྦན་གྱི་དམག་དོན་གསང་བའི་གནས་ཚུལ་རྒྱ་ནག་ལ་ཕྱིར་གྱར་བྱས་པའི་གྱོད་དོན་དེ་ཡང་ འདས་པའི་ལོ་ངོ་བཅུ་གྲངས་རིང་ཐའེ་ལྦན་གྱི་དམག་དོན་དཔོན་རིགས་ཀྱིས་རྒྱ་ནག་སྐམ་ས་ཆེན་མོའི་སོ་པ་བྱས་པའི་ནང་དམག་དོན་དཔོན་རིགས་མཐོ་ཤོས་དེ་ཆགས་ཀྱི་ཡོད་འདུག ད་རེས་ཐའེ་ལྦན་གྱི་དམག་དོན་གྱིས་རྒྱ་ནག་ལ་གསང་བ་ཕྱིར་གྱར་བྱས་པའི་གྱོད་དོན་ཕུད་ ཐའེ་ལྦན་གྱི་དམག་དོན་དང་ སྲིད་དོན་སོགས་ལས་ཁང་མང་པོ་ཞིག་ནང་རྒྱ་ནག་གི་སོ་བ་ཡོད་པའི་གྱོད་དོན་བཅུ་ཕྲག་ཅིག་ལ་ཉེ་བ་ཡོད་པ་ཉེ་ཆར་ཤེས་རྟོགས་བྱུང་ཡོད་པ་རེད་