ཐེ་ཝན་གྱི་བོད་སོག་ལས་ཁུངས་སྒོ་རྒྱག་རྒྱུར་མང་མོས་ཐག་གཅོད་བྱུང་ཡོད་འདུག
2017.11.28

ཐེ་ཝན་གྲོས་ཚོགས་ནང་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་སྒྲིག་གཞི་དངོས་སུ་ཕྱིར་བསྡུ་དང་ལས་ཁུངས་སྒོ་རྒྱག་རྒྱུར་མང་མོས་ཐག་གཅོད་བྱུང་ཡོད་འདུག
དེ་ཡང་དེ་སྔོན་ཐེ་ཝན་གྲོས་ཚོགས་ཀྱི་འཆར་ལོའི་སྔོན་རྩིས་སྐབས་བོད་སོག་ལས་ཁུངས་ཀྱི་སྔོན་རྩིས་ཡོངས་སུ་བཀག་འགོག་གིས་ལས་དོན་དང་། ལས་བྱེད་རྣམས་ཕྱི་ཟླ་ ༩ ་ཚེས་ ༡༥ ་ཉིན་ལས་ཁུངས་གཞན་ནང་ཟླ་བསྒྲིལ་བཏང་ཡོད་ཅིང་། ཐེ་ཝན་གྱི་ཁྲིམས་ལུགས་ལྟར་ལས་ཁུངས་ཞིག་ཕྱིར་བསྡུ་བྱ་དགོས་པར་གྲོས་ཚོགས་ནས་ཐེངས་གཉིས་མང་མོས་དགོས་པ་དང་། གལ་སྲིད་ལས་ཁུངས་ཤིག་ཕྱིར་བསྡུ་བྱ་དགོས་པ་མ་ཟད། རྩ་ཁྲིམས་ཕུད་པའི་ལས་ཁུངས་ཀྱི་སྒྲིག་གཞི་དང་ཁྲིམས་ལུགས་སོགས་ཕྱིར་བསྡུ་བྱ་དགོས་ན་ངེས་པར་དུ་གྲོས་ཚོགས་ནང་མང་མོས་ཐེངས་གསུམ་འགྲོ་དགོས་པ་ལྟར། ཕྱི་ཟླ་བཅུ་གཅིག་པའི་ཚེས་༢༨་ཉིན་གྱི་ཐེ་ཝན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ་ཐོག་ཐེ་ཝན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ལྕམ་ཁོ་ལཱ་སི་(Kolas)་དང་། སྐུ་ཞབས་(Freddy Lim)་སོགས་ཀྱིས་བོད་སོག་ལས་ཁུངས་ཀྱི་སྒྲིག་གཞི་ཕྱིར་བསྡུ་དགོས་པའི་གྲོས་འཆར་རིམ་པ་གསུམ་པ་དེ་གྲོས་ཚོགས་ནང་བཏོན་པར། གྲོས་ཚོགས་ནང་དངོས་སུ་ཚོགས་ཞུགས་འཐུས་མི་གྲངས་མི་གྲངས་ ༩༥ ་ཕེབས་ཡོད་པའི་ཁོངས་ནས་རྒྱབ་སྐྱོར་བྱེད་མཁན་མི་གྲངས་ ༦༥ ་དང་། ངོ་རྒོལ་བྱེད་མཁན་མི་གྲངས་ ༣༠ ་བྱུང་ནས་བོད་སོག་ལས་ཁུངས་ཀྱི་སྒྲིག་གཞི་དངོས་སུ་ཕྱིར་བསྡུའི་ཁྲིམས་ལུགས་གཏན་འབེབས་བྱུང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཐེ་ཝན་གྱི་གྲོས་ཚོགས་ནས་བོད་སོག་ལས་ཁུངས་ཀྱི་སྒྲིག་གཞི་དངོས་སུ་ཕྱིར་བསྡུ་བྱ་རྒྱུ་ཁྲིམས་ལུགས་གཏན་འབེབས་གནང་བར་དགའ་བསུ་ཞུས་གནང་བ་དང་འབྲེལ། བོད་སོག་ལས་ཁུངས་ཟེར་བ་ཐེ་བོད་མི་རིགས་གཉིས་དབར་འཁོན་འཛིན་དང་མཐོང་ཕྱོགས་བཟོ་གཞིའི་གནད་དོན་ཞིག་ཡིན་པ་གསུངས་བ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ་འཆི་མེད།