ཐའེ་ལྦན་ཡེ་ཤུའི་ཆོས་དཔོན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ།
2011.02.15
༄༅༎ཐའེ་ལྦན་གྱི་ཡེ་ཤུ་ཀེ་ཐོ་ལིཀ་ཆོས་ལུགས་ཀྱི་དབུ་ཁྲིད་པོའོལ་ཧྲན་འདི་ལོ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་པ་དེ་ནི། འདས་པའི་མི་ལོ་༦༠་རིང་མཚོ་ཁག་གཉིས་ཀྱི་ཀེ་ཐོ་ལིཀ་ཆོས་ལུགས་ཕན་ཚུན་འབྲེལ་བ་ཐེངས་དང་པོ་བྱུང་བའི་ལོ་རྒྱུས་ཀྱི་འཚམས་འདྲི་ཞིག་ཡིན་པ་རེད།
ཆོས་དཔོན་ཧྲན་ནི་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཀྲེང་ཀྲུའུ་ནང་འཁྲུངས་པ་དང་དགུང་ལོ་༨༨ལ་ཕེབས་ཡོད་ཅིང༌། འཚམས་འདྲིའི་ལས་དོན་གོ་སྒྲིག་གནང་མཁན་ཁྲུ་ཁྲིན་ཧུའར་ཡིས། ཆོས་དཔོན་ཧྲན་ཡིས། འདི་ལོའི་ཕྱི་ཟླ་དྲུག་པའི་ནང་གཟའ་འཁོར་གཅིག་རིང་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཏེ། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ཡི་ཆོས་དཔོན་ཅིན་ལུ་ཤིའན་དང་མཉམ་འཛོམས་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུང་ཡོད་པ་དང༌། ད་དུང་རྒྱལ་ས་ཐའེ་ཕེ་ནང་དུ་ཡོད་པའི་ཀེན་སར་ནད་གཞིའི་ཐོག་ཕྱག་ལས་གནང་མཁན་དགེ་རྩ་ཚོགས་པ་དེའི་འགོ་འཛིན་ཡིས། ཆོས་དཔོན་ཧྲན་གྲོང་ཁྱེར་ཧྲང་ཧད་དང༌། ཤིའ་མེན་ནང་གི་མཐོ་རིམ་སློབ་གྲ་ཁག་ཏུ་ཁོང་གི་གློ་བའི་ཀེན་སར་ནད་གཞིར་འཐབ་འཛིངས་ཇི་ལྟར་བྱས་པའི་གནས་ཚུལ་གོ་རྟོག་སྤེལ་རྒྱུའི་འཆར་གཞི་དང༌། ཁོང་ད་རེས་རྒྱ་ནག་ཏུ་ཕེབས་རྒྱུའི་འཚམས་འདྲི་དེ་ནི། འདས་པའི་མི་ལོ་༦༠ནང་མཚོ་ཁག་གཉིས་ཀྱི་ཀེ་ཐོ་ལིཀ་ཆོས་ལུགས་ཕན་ཚུན་བར་འབྲེལ་ལམ་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཏུ་འགྱུར་རྒྱུ་ཡིན་ཞིང༌། དེར་བརྟེན། འཚམས་འདྲི་དེ་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་ཅེས་དང༌། འོན་ཀྱང་ཆབ་སྲིད་ཀྱི་ཚོར་བ་རྐྱེན་པའི་དབང་གིས་ཁོང་པེ་ཅིང་དུ་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་མེད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ཐའེ་ལྦན་གྱི་ཡེ་ཤུའི་ཆོས་ལུགས་ལྦེ་ཀྲི་ཀེན་གྱིས་ལྦེ་ཀྲི་ཀེན་གྱི་ཡེ་ཤུའི་བླ་ཆེན་དད་མོས་དང་ངོས་འཛིན་བྱེད་པར་བརྟེན་ནས། ཐའེ་ལྦན་གྱིས་ལྦེ་ཀྲི་ཀེན་ཆོས་དཔོན་འདེམས་བསྐོ་བྱས་པར་རྒྱ་ནག་གཞུང་ཁོང་ཁྲོས་ཕྱི་ལོ་༡༩༥༡ནས་བཟུང་ཐའེ་ལྦན་གྱི་ལྦེ་ཀྲི་ཀེན་ཆོས་ལུགས་དང༌རྒྱ་ནག་དབར་དངོས་སུ་འབྲེལ་བ་ཆད་དེ། མི་ལོ་༦༠འགྲོ་བ་ཡིན་ཞིང༌། འོན་ཀྱང་རྒྱ་ནག་གི་ཀེ་ཐོ་ལིཀ་ཆོས་ལུགས་ཀྱིས་ལྦེ་ཀྲི་ཀེན་ཡེ་ཤུའི་བླ་ཆེན་ངོས་འཛིན་བྱེད་ཀྱི་མེད་པ་དང༌། རྒྱ་ནག་ནང་དུ་ཀེ་ཐོ་ལིཀ་ཆོས་ཉམས་ལེན་བྱེད་མཁན་མི་གྲངས་ས་ཡ་ལྔ་ཙམ་ཡོད་པ་མ་ཟད། ཀེ་ཐོ་ལིཀ་ཆོས་ལུགས་ཉམས་ལེན་བྱེད་ཆོག་པ་རྒྱ་ནག་གཞུང་གིས་ངོས་ལེན་དང་ཆོག་མཆན་ཡོད་པའི་གྲས་ཡིན་པ་རེད།