རྒྱ་ནག་གཞུང་གིས་མེ་ཤུགས་འཕུར་མདེལ་ཉུང་དུ་གཏོང་མིན།
2009.01.04
༄༅༎རྒྱ་ནག་གཞུང་གིས་ད་བར་ཐའེ་ལྦན་མཚོ་ཁའི་ཐོག་ཁ་གཏད་དེ་མེ་ཤུགས་འཕུར་མདེལ་མང་པོ་ཞིག་འགྲེམས་འཇོག་བྱས་པ་ནས་ཉུང་དུ་གཏང་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་ཐའེ་ལྦན་ཕྱོགས་ནས་གོ་མཚོན་ཡར་རྒྱས་ཀྱི་ལས་དོན་མཚམས་འཇོག་མ་བྱས་པར་མུ་མཐུད་ཡར་རྒྱས་གཏང་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་ནང་རྟེན་གཞི་བྱས་པའི་གཟའ་འཁོར་གྱི་དུས་དེབ་ཅིག་གི་ཐོག་ལ་གསར་དུ་སྤེལ་བའི་གནས་ཚུལ་ནང་རྒྱ་ནག་གི་དཔོན་རིགས་ནས་ཐའེ་ལྦན་ཐོག་དྲག་པོའི་རྒོལ་རྡུང་གཏང་རྒྱུར་དམིགས་ཏེ་འགྲེམས་འཇོག་བྱས་པའི་མེ་ཤུགས་འཕུར་མདེལ་ནས་ཉུང་དུ་གཏང་རྒྱུའི་འཆར་གཞི་ཡོད་ཀྱང་རྒྱ་ནག་གི་དམག་དཔུང་གིས་སྐྱོན་བརྗོད་བྱས་ཡོད་པའི་སྐོར་བཀོད་ཡོད་པ་ལས་དུས་དེབ་དེར་གནས་ཚུལ་དེ་གང་ནས་བྱུང་བ་ཡིན་མིན་གྱི་གནས་ཚུལ་འབྱུང་ཁུངས་ཀྱི་མིང་བཤད་མེད་ཅིང་ཡིན་ནའང་གནས་ཚུལ་དེའི་ཐོག་ལ་ཐའེ་ལྦན་གྱི་སྲུང་སྐྱོབ་ལྷན་ཁང་གི་མགྲིན་ཚབ་པ་ལི་ས་ཁྲི་ཡིས་གལ་ཏེ་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་ཁ་གཏད་དེ་འགྲེམས་འཇོག་བྱས་པའི་མེ་ཤུགས་འཕུར་མདེལ་ནས་ཉུང་དུ་གཏོང་གི་ཡོད་པའི་གནས་ཚུལ་དེ་ནི་ང་ཚོའི་ངོས་ནས་ཀྱང་དེ་ལྟར་ཡོང་རྒྱུའི་འདུན་པ་བཅངས་བཞིན་ཡོད་འོན་ཀྱང་ཐའེ་ལྦན་ཕྱོགས་ནས་གོ་མཚོན་སྟོབས་ཤུགས་ཡར་རྒྱས་མུ་མཐུད་གཏང་རྒྱུ་དང་གདོང་ལེན་གྱི་གྲ་སྒྲིག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་ལས་ཁོང་གིས་རྒྱ་ནག་གི་ཕྱོགས་ནས་ཐའེ་ལྦན་ཐོག་ལ་མེ་ཤུགས་འཕུར་མདེལ་ཇི་ཙམ་ཁ་གཏད་དེ་འགྲེམས་འཇོག་བྱས་ཡོད་མེད་ཀྱི་གྲངས་ཀ་གསུངས་མེད་པ་རེད། ཡིན་ནའང་དེ་སྔོན་ཐའེ་ལྦན་གྱི་སྲུང་སྐྱོབ་ལྷན་ཁང་གིས་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ཐོག་འཇིགས་སྐུལ་གྱི་ཆེད་དུ་འགྲེམས་འཇོག་བྱས་པའི་མེ་ཤུགས་འཕུར་མདེལ་གྲངས་ཆིག་སྟོང་གསུམ་བརྒྱ་ལྷག་ཡོད་པའི་བསྡོམ་རྩིས་ཤིག་བཏོན་ཡོད་པ་རེད༎