ཨ་རིའི་མེཎེ་སོ་ཌའི་བོད་མིའི་སྤྱི་མཐུན་ཚོགས་པར་གཟེངས་བསྟོད།
2012.05.08
༄༅༎ཨ་མི་རི་ཀའི་མི་ནོ་སོ་ཀྲའི་བོད་མིའི་སྤྱི་མཐུན་ཚོགས་པར་ལོ་འདིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མི་རིགས་དཔེ་སྟོན་གཟེངས་རྟགས་འབུལ་བཞེས་གནང་ཡོད་པའི་གནས་ཚུལ་ཐོན་འདུག
འདི་ག་ལས་ཁུངས་སུ་ས་གནས་བོད་མིའི་མཐུན་ཚོགས་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཨ་རིའི་མི་ནི་སོ་ཀྲའི་མངའ་སྡེའི་ནང་གི་བོད་མིའི་སྤྱི་མཐུན་ཚོགས་པར་ཕྱི་ལོ་ ༢༠༡༢ ལོའི་ཨེ་ཤ་ཡ་དང་། ཞི་བདེ་རྒྱ་མཚོའི་མི་རིགས་དཔེ་སྟོན་གཟེངས་རྟགས་ཞེས་མཁན་ཁོངས་སུ་ཚུད་ཡོད་པ་དང་། ཉིན་ཤས་མཛད་སྒོ་ཞིག་གི་ཐོག་མངའ་སྡེའི་ཤེས་རིག་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་དྲོག་དྲར་ རོ་སེ་། ཤུ་མཆོག་དང་། མངའ་སྡེའི་འཕྲོད་བསྟེན་ཚན་པ་ཞིག་གི་འགན་འཛིན་བཅས་ནས་གསུངས་བཤད་གནང་ཡོད་འདུག སྐབས་དེར་མངའ་སྡེའི་བོད་མིའི་སྤྱི་མཐུན་ཚོགས་པའི་ངོས་ནས་བོད་པའི་རིག་གཞུང་གཅེས་འཛིན་དམ་ཟབ་བྱེད་པ་ཙམ་དུ་མ་ཟད་སྤྱི་ཚོགས་དང་། ཤེས་ཡོན་གྱི་ཐོག་ལའང་ཞབས་འདེགས་འདྲ་མིན་ཞུས་པ་སོགས་ཀྱི་བྱེད་རྗེས་ལ་བསྔགས་བརྗོད་དང་འབྲེལ་༧གོང་ས་༧སྐྱབས་མགོན་ཆེན་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་བའི་བརྒྱུད་རིམ་ནས་མངའ་སྡེའི་སྤྱི་ཚོགས་ལ་ཕན་ཐོགས་བྱུང་ཡོད་པའི་སྐོར་ཡང་འགྲེལ་བརྗོད་གནང་ཡོད་པ་རེད། ཡང་མཛད་སྒོའི་ཐོག་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་རྡོ་རྗེ་ལགས་ནས། མི་ནི་སོ་ཀྲའི་མངའ་སྡེའི་མི་མང་ཚོས་བོད་མི་ཚོར་ད་བར་མཐུན་འགྱུར་རོགས་རམ་གནང་བ་དང་ཆབས་ཅིག་བོད་མིའི་ངོས་ནས་ཀྱང་ས་གནས་ཀྱི་སྤྱི་ཚོགས་ལ་ཕན་པའི་ཞབས་འདེགས་འགྲུབ་ཐབས་སུ་མ་འོངས་པར་འཕྱར་གྲུ་མཉམ་འདེགས་གནང་རྒྱུའི་འདུན་པ་ཡོད་པའི་སྐོར་ཡང་གསུངས་འདུག དེ་དང་ཕྱོགས་མཚུངས་ད་རེས་གཟེངས་རྟགས་འདི་བཞིན་འདས་པའི་ཚོགས་པའི་ལས་བྱེད་ཚོ་དང་། ལྷག་པར་དུ་ཕྱི་རྒྱལ་རྒྱབ་སྐྱོར་གནང་མཁན་ཚོའི་དཀའ་ལས་རྒྱབ་པའི་གྲུབ་འབྲས་ཡིན་པར་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་ནས་སླར་ཡང་ས་གནས་མི་མང་ཚོར་བཀྲིན་རྗེས་དྲན་ཞུས་ཡོད་པ་རེད། མངའ་སྡེ་འདིའི་ནང་དེ་སྔ་ཕྱི་ལོ་ ༡༩༩༢ ལོར་བོད་མི་གཞིས་སྤོས་བྱས་ནས་ད་བར་ལོ་ངོ་ཉི་ཤུ་ཙམ་འགྲོ་གི་ཡོད་པ་རེད་ལ་མངའ་སྡེ་འདི་བཞིན་ཨ་རིའི་ནང་བོད་མིའི་འདུ་སྡོད་མང་ཤོས་གྲས་ཤིག་ཀྱང་ཆགས་ཀྱི་ཡོད་པ་རེད།