འབར་མའི་ལྕམ་སུའུ་ཆིས་ཐེཡེ་ལེནཌར་འཚམས་གཟིགས།

འབར་མ་ཡུལ་གྱི་མང་གཙོའི་མཚོན་དོན་ལྕམ་ཨང་སན་སུའུ་ཆི་མཆོག་གཟའ་མིག་དམར་ཉིན་ཐེཡེ་ལེནཌ་དུ་འཚམས་གཟིགས་ཆེད་ཕེབས་ཐོན།

2012.05.29

༄༅༎འབར་མའམ་ མིཡན་མར་གྱི་མང་གཙོའི་མཚོན་དོན་ལྕམ་ཨང་སན་སུའུ་ཆི་མཆོག་གཟའ་མིག་དམར་ཉིན་ ཐེཡེ་ལེནཌ་དུ་འཚམས་གཟིགས་ཆེད་ཕེབས་ཐོན་གནང་ཞིང༌། འདི་ནི་ཁོང་གི་ལོ་ངོ་ཉི་ཤུ་རྩ་བཞིའི་ནང་གི་འབར་མའི་ཕྱི་ལོགས་སུ་་འགྲིམ་འགྲུལ་ཐོག་མ་དེ་ཡིན་ལ་ འདིས་ཁོང་ཁེར་རྐྱང་དུ་འཇོག་པའི་སྲིད་བྱུས་མཇུག་བསྒྲིལ་བ་དང་ རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཕེབས་རྒྱུའི་ལོ་རྒྱུས་འགོ་འཛུགས་མཚོན་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ཁོང་ཐཡེ་ལེནཌ་དུ་ཕེབས་སྐབས་ ཡུལ་དེའི་སྲིད་བློན་དང་མཇལ་འཕྲད་གནང་རྒྱུ་དང༌། དེ་བཞིན་ཐཡེ་ལེནཌ་ནང་ཚུགས་རྒྱུའི་ཤར་ཨེ་ཤི་ཡའི་གནད་དོན་ཐད་ཀྱི་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་ཀྱི་ཚོགས་འདུའི་ནང་ཡང་མཉམ་ཞུགས་གནང་རྒྱུ་ཡིན་ཞིང༌། དེ་ཕྱོགས་སུ་ཡོད་པའི་མིཡན་མར་གྱི་མི་སེར་ཚོ་དང་ཡང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་འདུག།

ལྕམ་ཨང་སང་སུའུ་ཆི་མཆོག་འདས་པའི་ལོ་ངོ་ ༢༢ ནས་ ལོ་ངོ་བཅོ་ལྔ་ཙམ་རིང་བཟང་བཙོན་འོག་བཞུགས་དགོས་བྱུང་ཡོད་པ་དང༌།  འདས་པའི་དུས་ཡུན་ནང་ཁོང་འབར་མའི་ཕྱི་ལོགས་སུ་ཕེབས་ཚེ་ འབར་མའི་དྲག་པོའི་དབང་འཛིན་པ་ཚོས་ཁོང་ཕྱིར་ལོག་གནང་མི་འཇུག་རྒྱུའི་ཉེན་ཁ་ཡོད་པའི་གནས་སྟངས་དེའི་འོག་འབར་མའི་ཕྱི་ལོགས་སུ་རྩ་བ་ནས་ཕེབས་ཐུབ་མེད་པ་རེད།

ཁོང་ཐཡེ་ལེནཌ་དུ་ཕེབས་རྒྱུ་དེས་ རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ འབར་མའི་ནང་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅིའི་ཐད་མྱུར་ཚད་ཆེ་བའི་བཅོས་བསྒྱུར་བྱུང་བཞིན་པ་དེ་དངོས་ཡོད་ཞིག་ཡིན་པ་མཚོན་ཐུབ་རྒྱུ་མ་ཟད། མང་གཙོའི་བཅོས་བསྒྱུར་གྱི་ཐད་གོམ་པ་མདུན་བསྐྱོད་བྱེད་བཞིན་པ་ཡང་མཚོན་རྒྱུ་ཡིན་སྟབས་ དེས་འབར་མའི་ཐོག་བཀལ་བའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཉེས་ཆད་ཕྱིར་བསྡུ་ཡོང་རྒྱུ་དང་ འབར་མ་དང་ཡུལ་གྲུ་གཞན་དབར་གྱི་ཕྱི་སྲིད་ཀྱི་འབྲེལ་ལམ་ཡར་རྒྱས་འགྲོ་རྒྱུར་ཡང་ཕན་ཐོགས་འབྱུང་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

དེ་རྗེས་ཕྱི་ཟླ་དྲུག་པའི་ནང་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལྕམ་ཨང་སང་སུའུ་ཆི་མཆོག་ སུད་སིའི་གྲོང་ཁྱེར་ཇི་ནི་ལྦར་ཚུགས་རྒྱུའི་རྒྱལ་སྤྱིའི་ལས་རྩོལ་ལྷན་ཚོགས་སུ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་ཅིང༌། ཕྱི་ཟླ་ ༦ ཚེས་ ༡༦ ཉིན་ ནོར་ལྦེའི་རྒྱལ་ས་ཨོསོ་ལོར་ཆེད་ཕེབས་ཀྱིས་ ཁོང་ལ་ཕྱི་ལོ་ ༡༩༩༡ ལོར་ནོ་བེལ་ཞི་བདེའི་བྱ་དགའ་ཕུལ་བའི་སྐབས་ཁོང་ཕེབས་ཐུབ་མེད་སྟབས། བྱ་དགའ་དེ་འབུལ་བཞེས་ཀྱི་དམིགས་བསལ་མཛད་སྒོ་ཞིག་ཀྱང་ཚུགས་རྒྱུ་ཡིན་པ་ནོ་བེལ་ཞི་བདེའི་བྱ་དགའ་ཚོགས་ཆུང་གིས་གསལ་བསྒྲགས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎