ཨན་སན་སུ་ཅིས་ལོ་མང་རྗེས་གནས་མཇལ་དུ་ཕེབས་ཡོད་པ།
2011.07.04
༄༅༎འབར་མའི་དྲག་པོའི་གཞུང་གིས་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་། ཨན་སན་སུ་ཅི་མཆོག་བཟང་བཙོན་ནས་གློལ་བཀྲོལ་བཏང་བའི་རྗེས། ཡུལ་དབུས་ཀྱི་ལྷ་ཁང་རྙིང་པ་ཞིག་ལ་གནས་མཇལ་དུ་བསྐྱོད་དེ་ལོ་མང་རྗེས་རང་ཁྱིམ་ནས་ཕྱིར་རོལ་དུ་བསྐྱོད་ནས། འགྲོ་འོང་གི་རང་དབང་ལོངས་སུ་སྤྱོད་པ་ཐེངས་པོ་ཡིན་པ་དང་། དེ་ཉིན་ཁོང་དང་སྲས་ཀིམ་ ཨེ་རི་སེ་གཉིས་རྦ་གན་གནམ་ཐང་དུ་འབྱོར་སྐབས་གསར་འགོད་པས་དང་འགྲིག་ཆས་མ་གྱོན་པའི་ཉེན་སྲུང་མི་སྣར་མངོན་པའི་མི་སྣ་ཁག་ཅིག་གིས་ཕེབས་བསུ་ཞུས་འདུག་ཀྱང་གཏམ་བཤད་གང་ཡང་གནང་མི་འདུག། འོན་ཀྱང་ཁོང་གི་སྲས་ཀིམ་ ཨེ་རི་སེ་ཡིས་ ལོ་༣༣རྗེས་སུ་ཨ་མ་དང་མཉམ་དུ་གུང་སེང་བཏང་བ་ཐེངས་དང་པོ་རེད། ཨ་མ་ལགས་ལའང་ངལ་གསོའི་གོ་སྐབས་དགོས་ངེས་རེད་ཅེས་གསར་འགོད་པར་གསུངས་གནང་འདུག།
ཨན་སུ་ཅི་མཆོག་གིས་རིང་མིན་རྒྱལ་ཡོངས་སུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཆེད་ཕྱོགས་བསྐྱོད་གནང་རྒྱུའི་དགོངས་གཞི་ཡོད་ཀྱང་། དྲག་པོའི་གཞུང་གིས་དེ་ལྟར་གནང་ཐལ་མེད་པའི་ཉེན་བརྡ་བཏང་ཡོད་པར་བརྟེན་གནས་སྐབས་རིང་ངང་འཐེན་གནང་ཡོད་འདུག། དྲག་པོའི་གཞུང་གིས་བཀའ་འཁྲོལ་མེད་པའི་ས་ཁུལ་དུ་བསྐྱོད་ན། དེ་སྔ་ཕྱི་ལོ་༢༠༠༣ལོ་བྱུང་བ་ནང་བཞིན་སྲུང་སྐྱོབ་ཀྱི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པ་གོར་མི་ཆགས་པ་རེད། ཕྱོགས་བསྐྱོད་བྱ་རྒྱུའི་དམིགས་ཡུལ་གཅིག་ནི། འདས་པའི་མི་ལོ་ཉི་ཤུའི་རིང་བཙན་བཙོན་དུ་གནས་པའི་རྗེས་སུ་ད་ཆ་རྒྱ་ཆེའི་མང་ཚོགས་ཀྱིས་ཁོང་དང་རྒྱལ་ཡོངས་དམངས་གཙོ་ཚོགས་པར་རྒྱབ་སྐྱོར་ཇི་ཙམ་ཡོད་མེད་ཚོད་དཔག་བྱེད་རྒྱུ་དེ་ཡིན་ལུགས་གནས་ཚུལ་དབྱེ་ཞིབ་ཚོས་འགྲེལ་བརྗོད་བྱེད་བཞིན་པ་རེད། དེའི་དབར་ལ་ཨོ་སོ་ཀྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་ ཀེ་ལྦིན་ར་ཌི་ཡིས་ཨང་སན་སུ་ཅི་མཆོག་མཇལ་འཕྲད་གནང་བའི་རྗེས་སུ་དྲག་པོའི་གཞུང་ལ་ཨན་སན་སུ་ཅིའི་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུས་གནང་ཡོད་འདུག།