ལྕམ་སུ་ཅིས་འབར་མའི་གཞུང་ནང་འགན་བཞེས་རྒྱུའི་སྔོན་དཔག
2012.01.15
༄༅༎འབར་མའི་དམངས་གཙོ་ཚོགས་པའིདབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་གིས་མ་འོངས་པར་འབར་མའི་གཞུང་ནང་མཚན་གནས་ལྡན་པའི་ཐུགས་འགན་བཞེས་རྒྱུའི་སྔོན་དཔགས་དང་གོ་བརྡའི་ཚུལ་དུ་ཁ་ས་གསུང་ཡོད་པ་རེད་ འབར་མའི་ནང་ལོ་འདིའི་ཕྱི་ཟླ་ ༤ པའི་ཚེས་ ༡ ཉིན་བར་སྐལ་འོས་བསྡུ་བྱེད་རྒྱུ་ཡིན་པ་ལྟར་ སྐབས་དེར་གྲོས་ཚོགས་འོག་མའི་ནང་སྤྱི་འཐུས་ ༤༠ དང་ གྲོས་ཚོགས་གོང་མའི་ནང་ སྤྱི་འཐུས་ ༦ དང་ མངའ་སྡེ་ཁག་ནས་མི་མང་གི་འཐུས་མི་ ༢ བཅས་ སྤྱི་འཐུས་གྲངས་ ༤༨ མང་མོས་འོས་འདེམས་བྱ་རྒྱུ་ཡིན་པ་རེད་ འོས་བསྡུ་དེའི་མཇུག་འབྲས་སུ་གལ་ཏེ་ལྕམ་ཨང་སན་སུ་ཅི་མཆོག་ལ་གྲོས་ཚོགས་འོག་མའི་ནང་རྐུབ་བསྟེགས་ཐོབ་པ་ཡིན་ན་ ཁོང་གིས་འབར་མའི་གཞུང་ནང་མཚན་གནས་ལྡན་པའི་ཕྱག་ལས་གནང་སྲིད་པ་ཡིན་པ་རེད་ ཡིན་ནའང་དེ་ལྟར་བྱུང་དང་མི་བྱུང་གནད་དོན་སྣ་ཚོགས་ལ་རག་ལུས་ཀྱི་རེད་ཅེས་ཁོང་གིས་གསུང་གནང་ཡོད་པ་རེད་ དཔེར་ན་གསར་འགོད་པ་ཞིག་གིས་གལ་ཏེ་སྐུ་ཉིད་ལ་གྲོས་ཚོགས་ནང་ ཞབས་བསྟེགས་ཐོབ་པ་ཡིན་ན་ ཁྱེད་ཀྱིས་འབར་མའི་ཕྱི་སྲིད་བློན་ཆེན་གྱི་མཚན་གནས་བཞེས་ཀྱི་ཡིན་ནམ་ཞུས་པར་ དེའི་ཐད་ལ་ངོས་རང་བསམ་བློ་གཏིང་ཟབ་ནན་པོ་གཏོང་དགོས་ཀྱི་རེད་ཅེས་བཞེས་མོ་བཞེས་བཞིན་དུ་བཀའ་ལན་གནང་ཡོད་པ་རེད་ འབར་མའི་དྲག་པོའི་གཞུང་གིས་ལྕམ་ཨང་སན་སུ་ཅི་མཆོག་འདས་པའི་མི་ལོ་བཅུ་ཕྲག་གཉིས་ཙམ་རིང་བཟང་བཙོན་འོག་ཏུ་བཞག་རྗེས་ མཐར་ཨ་མི་རི་ཀ་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་གནོན་ཤུགས་དང་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་ཚོའི་ལས་འགུལ་གྱི་ཆབ་སྲིད་གཡོ་འགུལ་འོག་ཕྱི་ལོ་༢༠༡༠ ལོའི་ཕྱི་ཟླ་ ༡༡ ནང་བཟངབཙོན་འོག་ནས་གློད་དཀྲོལ་ཐོབ་པ་རེད་ ད་ཆ་དགུང་ལོ་ ༦༦ ལ་ཕེབས་པའི་ལྕམ་ཨང་སན་སུ་ཅི་མཆོག་གིས་ ད་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡ ཉིན་གྱི་རྒྱལ་ཡོངས་འོས་བསྡུའི་འགྲན་བསྡུར་ནང་འབར་མའི་རྒྱལ་ས་རྙིང་པ་ཡང་གོན་ཁུལ་གྱི་འོས་བསྡུའི་ས་གནས་ནས་བཞེངས་གནང་རྒྱུ་ཡིན་པ་རེད།