འབར་མའི་ལྕམ་ཨང་སང་སུ་ཀིའི་གསུང་བཤད་སྐོར།
2011.06.21
༄༅༎འབར་་མའི་དབུ་ཁྲིད་ལྕམ་ཨང་སང་སུ་ཀི་མཆོག་གིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུའི་ཐོག་གསུང་འཕྲིན་གནང་བའི་གནས་ཚུལ་ཐོན་འདུག་། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གིས་འབར་མ་དང་ ཤར་ཨེ་ཤི་ཡའི་གནད་དོན་ཐོག་རེས་གཟའ་ལྷག་པའི་ཉན་ཞིབ་ཚོགས་འདུ་ཞིག་གོ་བསྒྲིགས་གནང་ཡོད་ཅིང་། སྐབས་དེར་འབར་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སང་སུ་ཀི་མཆོག་གིས་སྒྲ་འཇུག་གནང་བའི་གསུང་འཕྲིན་ཞིག་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག་ཐེངས་དང་པོ་གཏོང་རྒྱུ་ཡིན་པ་རེད་འདུག་། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག འདས་པའི་ལོའི་ནང་ འབར་་མའི་དྲག་པོའི་གཞུང་གིས་གོ་བསྒྲིགས་གནང་བ་འབར་མའི་རྒྱལ་ཡོངས་འོས་བསྡུའི་སྐོར་གཏམ་བཤད་གནང་རྒྱུ་ཡིན་ཅིང་། འབར་མའི་དྲག་པོའི་གཞུང་གིས་བཀོད་བསྒྲིགས་་གནང་བའི་རྒྱལ་ཡོངས་འོས་བསྡུའི་སྐོར་ཨ་མི་རི་ཀའི་གྲོས་ཚོགས་ནང་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་ཅིང་། ལྷག་དོན་དུ་རྒྱལ་ཡོངས་འོས་བསྡུའི་བྱེད་སྒོ་ནང་ འབར་མའི་དམངས་གཙོ་ཚོགས་པ་མཉམ་ཞུགས་གནང་རྒྱུར་འགོག་རྐྱེན་བཟོས་ཡོད་པ་དང་ ལྕམ་ཨང་སང་སུ་ཀི་མཆོག་ཀྱང་འོས་བསྡུའི་ནང་མཉམ་ཞུགས་ཀྱི་མཐུན་རྐྱེན་འབུལ་མེད་པ་རེད་། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ངོས་ནས་འབར་མའི་ནང་དོན་དམ་གྱི་དམངས་གཙོ་དར་སྤེལ་གྱི་ཆེད་ ལྕམ་ཨང་སངས་སུ་ཀི་མཆོག་དང་ཁོང་གིས་དབུ་ཁྲིད་བཞིན་པའི་ འབར་མའི་དམངས་གཙོ་ཚོགས་པར་རྒྱབ་སྐྱོར་གནང་གི་ཡོད་ཅིང་། ལྕམ་ཨང་སང་སུ་ཀི་མཆོག་ལ་ ཕྱི་ལོ་ ༢༠༠༨་ ལོར་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཀྱི་ཐོག་ནས་་ཆེ་བསྟོད་ངོས་འཛིན་གནང་ཡོད།