སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་དང་རྒྱབ་སྐྱོར་བྱེད་མཁན་དབར་གདོང་ཐུག

2023.11.18
སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་དང་རྒྱབ་སྐྱོར་བྱེད་མཁན་དབར་གདོང་ཐུག
ཨེ་པི།

ཨ་མི་རི་ཀའི་མངའ་སྡེ་ California ས་གནས་San Francisco ནང་APEC ཞེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་སྦྲེལ་ལྷན་ཚོགས་སུ་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱ་ནག་དམངས་གཙོའི་ལས་འགུལ་བ་དང་དགའ་བསུ་བྱེད་མཁན་དབར་གདོང་ཐུག་གི་དོན་རྐྱེན་བྱུང་བའི་གནས་ཚུལ་ཐོན་འདུག
དེ་ཡང་ཕྱི་ཟླ་༡༡ཚེས་༡༨ ཉིན་ San Francisco Chronicle ཞེས་པའི་ས་གནས་གསར་ཤོག་ནང་གནས་ཚུལ་ཐོན་པར་གཞིགས་ན།
ཨ་མི་རི་ཀའི་San Francisco ནང་ཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་སྦྲེལ་ལྷན་ཚོགས་ཐོག་ལ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་མཉམ་ཞུགས་བྱ་ཡུལ་གྱི་ Moscone Center ཞེས་པའི་མདུན་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་མི་དམངས་དབར་གདོང་ཐུག་བྱུང་སྟེ་ངོ་རྒོལ་བྱེད་མཁན་མི་འགའ་ཤས་ལ་རྨས་སྐྱོན་འཕོག་ཡོད་པའི་སྐོར་བཀོད་འདུག ད་དུང་གསར་ཤོག་དེའི་ཐོག་བཀོད་པར་གཞིགས་ན།
རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་མང་པོ་བྱེད་མཁན་བྱུང་བའི་ནང་ནས་གཅིག་དེ་ཨ་རིའི་California མངའ་སྡེའི་ San Francisco ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་སྦྲེལ་ལྷན་ཚོགས་རིང་བྱུང་ཡོད་པ་མ་ཟད།
དམིགས་བསལ་ཕྱི་ཟླ་༡༡ཚེས་༡༥དང་ཚེས་༡༦སྟེ་རེས་གཟའ་ལྷག་པ་དང་ཕུར་བུའི་ཉིན་ངོ་རྒོལ་ལས་འགུལ་རྣོ་ངར་ཆེན་པོ་སྤེལ་ཡོད་པའི་སྐོར་བཀོད་འདུག
ད་རེས་ངོ་རྒོལ་ལས་འགུལ་སྤེལ་མཁན་གྲས། དེ་སྔ་ཕྱི་ལོ་༡༩༨༩ལོར་རྒྱ་ནག་གི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ཐོག་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཡུལ་གྱི་དམངས་གཙོ་དོན་གཉེར་ཅན་རྒྱ་ནག་དམངས་གཙོ་ཚོགས་པའི་ཚོགས་གཙོ་Wang Jungtao ཡིས། ང་ཚོར་ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་འདོད་ཡོད་ཀྱང་རྒྱ་ནག་གི་སྲིད་འཛིན་ལ་དགའ་བསུ་ཞུ་མཁན་ཚོས་ཁོང་ཚོའི་ཐོག་ལ་རྒོལ་རྡུང་བཏང་བའི་སྐོར་ངོ་སྤྲོད་བྱས་ཡོད་ལ། དེ་བཞིན་རྒྱ་ནག་གི་དམངས་གཙོ་ཚོགས་པའི་ཚོགས་མི་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་Yijiang Liu ཞུ་བས། སྐབས་དེར་ཁོང་ལ་བཅར་འདྲི་བྱེད་པའི་ཉིན་མོ་དེའི་དུས་ཚོད་བར་དུ་ངོ་རྒོལ་བྱེད་མཁན་ཐོག་ལ་རྒོལ་རྡུང་བཏང་བའི་དོན་རྐྱེན་ཆེན་པོ་ཁག་གསུམ་མཐོང་བའི་སྐོར་ངོ་སྤྲོད་བྱས་འདུག གོང་གསལ་གྱི་རྒྱ་ནག་གི་དམངས་གཙོ་ཚོགས་པའི་ཚོགས་མི་Yijiang Liu ཡིས་མུ་མཐུད་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོ་ངོ་རྒོལ་བྱེད་མཁན་ཚོས་༡༩༨༩ལོའི་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམར་གསོད་ཆེན་པོ་དེའི་འགན་ཁྲི་རྒྱ་ནག་དམར་ཤོག་ཚོགས་པར་ཡོད་ཟེར་བྲིས་པའི་འཕྲེད་དར་རྣམས་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རྩུབ་སྤྱོད་ལྡན་པའི་ཐོག་ནས་བཙན་འཁྲོག་བྱས་པའི་རྐྱེན་གྱིས་ཕན་ཚུན་གདོང་ཐུག་གི་དོན་རྐྱེན་ཐོག་མ་དེར་ས་གནས་ཀྱི་ཚོུད་༡༢དང་སྐར་མ་༡༥ཐོག་ལ་བྱུང་བའི་སྐོར་ངོ་སྤྲོད་བྱས་འདུག ཕྱོགས་མཚུངས་བོད་རིགས་ཚོས་ཀྱང་ངོ་རྒོལ་ཕྱོགས་གང་ས་ནས་ངོ་རྒོལ་སྔ་རྗེས་གནང་ཡོད་པ་དང་བོད་རིགས་གཞོན་སྐྱེས་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བརྙན་འཕྲིན་ཡང་རྒྱ་ཁྱབ་ཏུ་གཟིགས་ཆོས་སུ་གྱུར་འདུག།

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎