བོད་ཀྱི་གློག་བརྙན་ལ་དགའ་མོས་ཆེ་ཤོས་བྱུང་བ།

བོད་པའི་གློག་བརྙན་སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པ་དེར་པམ་སི་པི་རིང་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་དེར་དགའ་མོས་ཆེ་ཤོས་གནང་ཡོད་པ་རེད་

2010.01.19

༄༅༎བོད་པའི་གློག་བརྙན་སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པ་དེ་ཨ་རིའི་པམ་སི་པི་རིང་(Palm Springs)ཞེས་པའི་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་དེར་གློག་བརྙན་གཟིགས་མཁན་རྣམས་ཀྱིས་དགའ་མོས་ཆེ་ཤོས་གནང་ཡོད་པ་རེད་

རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་འགྱུར་ལས་ཁང་གིས་ཕྱི་ཚེས་༦ཉིན་གནས་ཚུལ་ཞིག་སྤེལ་བའི་ནང་གོང་ཞུས་གློག་བརྙན་གྱི་དུས་སྟོན་དེར་རྒྱ་མིའི་གློག་བརྙན་གཉིས་ཕྱིར་འཐེན་བྱས་ཡོད་སྐོར་གནས་ཚུལ་བཏོན་ཡང་དོན་དངོས་ཐོག་རྒྱ་གཞུང་གིས་དུས་སྟོན་གོ་སྒྲིག་གནང་མཁན་རྣམས་ལ་བོད་པའི་གློག་བརྙན་དེ་དུས་སྟོན་ནས་ཕྱིར་འཐེན་བྱེད་དགོས་པའི་གནོན་ཤུགས་དེ་ལམ་ལྷོང་མ་བྱུང་བའི་རྗེས་གོང་ཞུས་རྒྱ་མིའི་གློག་བརྙན་གཉིས་པོ་དེ་དག་དུས་སྟོན་དེ་ནས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་ཡོད་པ་རེད་ གནད་དོན་དེའི་སྐོར་ལ་དུས་སྟོན་དེ་གོ་སྒྲིག་སྒྲིག་འཛུགས་ཀྱི་འགན་འཛིན་སྐུ་ཞབས་ཌེ་རིལ་མེཀ་ཌོ་ནལ་ཌི་(Darryl Macdonald)ཡིས་རྒྱ་གཞུང་གི་མི་སྣས་སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པའི་གློག་བརྙན་དེ་དུས་སྟོན་གྱི་གློག་བརྙན་འགྲན་བསྡུར་ནས་ཕྱིར་འཐེན་བྱེད་དགོས་པའི་ཞུ་སྐུལ་དེར་ང་ཚོས་ངོས་ལེན་བྱས་མེད་ཅེས་གསུང་པ་ཨ་རིའི་སི་ཁི་རིན་ཌེ་ལི་(Screen Daily)ཞེས་པའི་གསར་ཤོག་དེས་ལུང་འདྲེན་གནང་ཡོད་པ་རེད་ སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པའི་གློག་བརྙན་དེའི་ནང་བོད་ཀྱི་དབུ་འཁྲིད་༸གོང་ས་ཏ་ལའི་བླ་མ་མཆོག་དང་བོད་མི་མང་གི་དལྟའི་རང་དབང་གི་འཐབ་རྩོད་དེར་འཛམ་གླིང་ནང་གི་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་གིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དྲག་གནོན་བྱས་དང་བྱེད་བཞིན་པའི་སྐོར་གྱི་གློག་བརྙན་ཞིག་ཡིན་པ་རེད་ གློག་བརྙན་དེ་ཕྱི་ལོ་༢༠༠༨ལོར་བོད་རྒྱལ་ཡོངས་ཐོག་ཞི་རྒོལ་བྱུང་བའི་བརྒྱུད་རིམ་དང་དེར་རྒྱ་ནག་གུང་བྲན་གཞུང་གིས་དྲག་གནོན་གྱི་ལན་འདེབས་ཇི་བྱས་དང་ཕྱི་ལོ་༢༠༠༨ལོའི་འཛམ་གླིང་ཨོ་ལོམ་པིཀ་རྩེད་འགྲན་དེར་རྒྱལ་སྤྱིའི་ཐོག་ནས་ཚོར་སྣང་ལན་འཆར་དང་བོད་རྒྱའི་བར་གྱི་ཞི་མོལ་དེ་མཚམས་འཇོག་བྱུང་བའི་སྐོར་སྟོན་གནང་ཡོད་པ་རེད་ གློག་བརྙན་དེ་དབྱིན་ཡུལ་ནང་བཞུགས་མཁན་བོད་རིགས་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་སྐུ་ཟླ་རི་ཏུ་ས་རིན་(Ritu Sarin)རྣམ་གཉིས་ཀྱིས་བཟོས་གནང་ཡོད་པ་རེད་            པམ་སི་པི་རིང་(Palm Springs)ཞེས་པའི་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་དེ་མཚན་སྙན་ཆེ་བའི་གློག་བརྙན་གྱི་དུས་སྟོན་ཞིག་ཡིན་པ་དང་དེ་ཨ་རིའི་ནུབ་ཕྱོགས་ཀེ་ལི་ཕོར་ནི་ཡའི་མངའ་སྡེའི་ནང་སྲུང་བརྩི་ཞུས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎