འཛམ་གླིང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས།
2009.11.28
༄༅༎ཁེ་རི་སྦི་ཡེན་མངའ་ཁུལ་ནང་ཚུགས་པའི་དེ་སྔ་དབྱིན་ཇིའི་མངའ་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་༥༣གྱི་ཆེས་མཐོའི་ལྷན་ཚོགས་སར། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་རིང་མིན་ཕྱི་ཟླ་༡༢པའི་ནང་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧ་གེན་དུ་ཚུགས་རྒྱུའི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དེའི་ཐོག་གྲུབ་འབྲས་བཟང་པོ་ཐོན་རྒྱུའི་རེ་བ་ཡོད་སྐོར་གསུངས་བཞག། རྒྱལ་ཚོགས་དྲུང་ཆེ་སྦན་ཀི་མུན་མཆོག་གིས་འཛམ་གླིང་ཡུལ་ཁག་གི་དབུ་ཁྲིད་རྣམ་པ་ཚོར་ཀོ་པེན་ཧ་གེན་གི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཀྱི་ཉིན་མཐའ་མའི་སྐབས་ངེས་པར་མཉམ་བཞུགས་དགོས་རྒྱུའི་སྐུལ་མ་གནང་བ་དང་ཆབས་ཅིག། ཚོགས་ཆེན་དེའི་ཐོག་སའི་གོ་ལའི་མཁའ་རླུངས་འབགས་བཙོག་བཟོ་མཁན་དུ་རླངས་ཐོག་ཚོད་འཛིན་བྱ་རྒྱུའི་ནུས་པ་ཐོན་པའི་སྤྱི་བསྒྲགས་ཤིག་སྤེལ་ཐུབ་པའི་ཐུགས་རེ་དང་ཡིད་ཆེས་ཡོད་སྐོར་འགྲེལ་བརྗོད་གནང་བཞག། འོན་ཀྱང་སྦན་ཀི་མུན་མཆོག་གིས་རྒྱལ་ཁབ་སོ་སོས་རང་ཡུལ་ནང་གསོ་ལའི་དུ་རླངས་བཙོག་པ་ཉུང་དུ་གཏོང་རྒྱུའི་ཐོག་ཚོད་འཛིན་གནང་རྒྱུའི་ཐག་གཅོད་དེ་རྒྱལ་ཁབ་དང་གཞུང་གི་དབུ་ཁྲིད་རྣམ་པ་ཚོས་གནང་ཐུབ་རྒྱུ་ཡིན་སྐོར་གསུངས་བཞག། ཟླ་བ་རྗེས་མའི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་དེར་མགྲོན་བདག་གནང་མཁན་ཌེན་མརཀ་ཡུལ་གྱི་སྲིད་བློན་ལའར་སེ་ལོ་ཀི་ར་སི་མིའུ་སེན་མཆོག་གིས་རེ་གཞི་བཟང་པོ་བཅངས་པའི་བསམ་བློ་དང་དངོས་འབྲེལ་གྱི་བསམ་བློ་བཏང་སྟངས་གཉིས་དབར་འགལ་ཟླ་ཡོད་པ་གཟིགས་ཀྱི་མེད་སྐོར་གསུངས་ཏེ། གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དེའི་ཐོག་སྤྱི་མོས་ཀྱི་མཐུན་གྲོས་ཤིག་འཇོག་ཐུབ་པའི་རེ་བ་གནང་གི་ཡོད་པ་མ་ཟད་དེ་ནི་དངོས་ཡོད་གནས་སྟངས་ཤིག་ལ་ངོས་འཛིན་ཀྱང་གནང་ཡོད་ཅིང༌ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཚོའི་ངོས་ནས་དུ་རླངས་བཙོག་པ་ཉུང་དུ་གཏོང་རྒྱུའི་ཁས་ལེན་གནང་བ་དང་ཆབས་ཅིག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་ནམ་ཞག་རྒྱུན་དུ་ལས་དོན་གནང་ཕྱོགས་ལ་འགྱུར་བ་གཏོང་དགོས་རྒྱུ་དེ་གཙོ་གནད་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་བཞག།