སློབ་མ་ལྔ་ལ་ཁྲིམས་ཐག་བཅད་རྗེས་བཅོ་བརྒྱད་འཇུ་བཟུང་།
2012.12.10
དེ་ཡང་འདི་གར་ཕྱོད་སྡོད་བོད་མི་ཤ་བོ་རྡོ་རྗེ་བརྒྱུད་གནས་ཚུལ་འབྱོར་དོན། ཚེས་༡༠ཉིན་མདོ་སྨད་རྨ་ལྷོ་ཁུལ་ཐོག་གི་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་༡༨ཙམ་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་སློབ་མ་དེ་དག་གི་མིང་དང་ལོ་། འཛིན་གྲྭ་སོགས་ད་སྔ་གསལ་པོ་ཤེས་རྟོགས་མ་ཐུབ་ཀྱང་། སློབ་མ་མང་ཆེ་བ་རྩེ་ཁོག་རྫོང་ཁོངས་ནས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག། དེ་བཞིན་སློབ་མ་དེ་དག་འཛིན་བཟུང་བྱེད་དགོས་དོན་གང་ཡིན་སྐོར་ཡང་ད་ལྟ་གནས་ཚུལ་གསལ་པོ་མིན་འདུག
ཕྱི་ཟླ་༡༡ ཚེས་༢༦ ཉིན་མདོ་སྨད་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པའི་གསོ་རིག་སློབ་གླིང་གི་སློབ་མ་ཚོས། རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གྱིས་མཚོ་ལྷོ་རྫོང་བསྐོར་ནས་ཁྲོམ་བསྐོར་བྱས་པར། རྒྱ་ནག་གཞུང་གིས་སློབ་མར་དྲག་རྡུང་བྱས་ཏེ། སློབ་མ་མང་པོར་རྨས་སྐྱོན་བྱུང་བ་མ་ཟད། ཟླ་འདིའི་ཚེས་༥ གཟའ་ལྷག་པའི་ཉིན་སློབ་མ་རབ་བརྟན་དང་། དབང་འདུས་ཚེ་རིང་། བྱམས་པ་ཚེ་རིང་། ཆོས་སྐྱོང་། བཀྲ་ཤིས་ཀུན་བཟང་། རྡོ་ལ་ཚེ་རིང་། སངས་རྒྱས་དོན་གྲུབ། ཀུན་བཟང་འབུམ་བཅས་ལ་རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། སློབ་མ་ཚང་མ་རང་ལོ་༢༣ གྱི་འོག་ཏུ་ཡོད་འདུག