བོད་པའི་སློབ་མ་ཞིག་ལ་རྩོམ་བྲིས་འགྲན་བསྡུར་ནང་ཨང་དང་པོ།
2011.06.08
༄༅༎ཨ་རིའི་མེ་རི་ལེན་དྲི་མངའ་སྡེའི་སེན་ཌི་སི་པི་རིང་ཕེ་རེན་སི་(Sandy Spring Friends)སློབ་གྲྭ་ཆེ་བའི་ནང་སློབ་སྦྱོང་གནང་མཁན་བོད་ནས་ཡིན་པའི་བུ་མོ་ཆུང་དགས་ལགས་སུ་མེཀ་གེརེཐ་རྩོམ་བྲིས་འགྲན་བསྡུར་ནང་ཨང་དང་པོ་ཐོན་ཡོད་པ་དང༌།ཕྱི་ཟླ་༧ཚེས་༡༥ཉིན་འདི་ག་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་༢༠༡༡ལོའི་ན་གཞོན་གཟེངས་རྟགས་མཛད་སྒོའི་ཐོག་བྱ་དགའ་ཐོབ་གནང་རྒྱུ་རེད་འདུག།
ལོ་༡༩ཡིན་པའི་བུ་མོ་ཆུང་དགས་ལགས་ཀྱིས་ རྩོམ་ཡིག་འགོ་བརྗོད་དུ་ བོད་པའི་གཞོན་ནུ་སྐུ་ཚབ་ཨ་རིར་འབྱོར་བ་ཞེས་པ་དེའི་ནང༌། རང་ཉིད་བོད་ནས་ཨ་རིའི་ནང་འབྱོར་སྟངས་སྐོར་གྱི་ལོ་རྒྱུས་བཀོད་ཡོད་པ་དང༌། ཁོང་ལོ་༡༣ཡིན་དུས་ཁོང་གི་གཅེན་མོའི་མཉམ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་རྗེས་༢༠༡༠ལོར་ཁོང་ཨ་རིའི་ནང་གནས་སྤོས་བྱས་འདུག།
ཁོང་གི་རྩོམ་ཡིག་གི་ནང་དོན་གཙོ་བོ་དེ་ཨ་རིའི་ནང་གི་སློབ་ཕྲུག་ཚོས་སྤྱི་ཚོགས་ནང་ཕན་ཐོག་ཡོད་པའི་བྱ་བ་འགྲུབ་ཕྱོགས་སྐོར་སློབ་སྟོན་ཁག་གསུམ་བྱས་ཡོད་ཅིང༌།
དེ་ནི་ད་ནས་བཟུང་ཨ་རིའི་སློབ་ཕྲུག་ཚོས་རྒྱལ་ཡོངས་སློབ་ཕྲུག་ཀྱི་ཁྱིམ་མཚེས་འབྲེལ་ལམ་གྱི་ཉིན་མོ་ཞེས་པའི་ནང་ཆ་ཤས་བླངས་དགོས་རྒྱུ་དང༌། ཡང་རྒྱལ་ཡོངས་སློབ་ཕྲུག་གི་དོན་སྙིང་ལྡན་པའི་ཉི་མོ་སྲུང་བརྩི་བྱ་དགོས་རྒྱུ། དེ་བཞིན་རྒྱལ་ཡོངས་སློབ་ཕྲུག་གི་ས་གནས་བརྗེ་ལེན་གྱི་ཉིན་མོ་ཞེས་པ་བཟོ་དགོས་རྒྱུའི་སློབ་སྟོན་བྱས་འདུག།