སྤྱི་འཐུས་ཚོགས་གཙོས། ལྡི་ལིར་ཚོགས་བཞིན་པའི་ཐབས་བྱུས་ཚོགས་འདུ་དེའི་བརྒྱུད་ནས་མ་འོངས་བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་སེལ་ཐབས་ལ་དམིགས་ཡོད་ཅེས་གསུངས་བྱུང་།

2023.08.09
སྤྱི་འཐུས་ཚོགས་གཙོས། ལྡི་ལིར་ཚོགས་བཞིན་པའི་ཐབས་བྱུས་ཚོགས་འདུ་དེའི་བརྒྱུད་ནས་མ་འོངས་བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་དཀའ་ངལ་མང་པོ་ཞིག་སེལ་ཐབས་ལ་དམིགས་ཡོད་ཅེས་གསུངས་བྱུང་།
Tibet.net

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། བོད་ཀྱི་ཁོར་ཡུག་གི་གནས་སྟངས། ད་ལྟའི་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སོགས་ལ་རྒྱུས་ལོན་དང་མ་འོངས་ལས་གཞི་སྤེལ་ཕྱོགས་བཅས་ལ་དམིགས་ཏེ། ཐབས་བྱུས་དང་བོད་དོན་ཞུ་སྐུལ་གྱི་ལས་དོན་བྱེད་ཕྱོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་དེ་རྒྱལ་ས་ལྡི་ལིར་ཚོགས་བཞིན་ཡོད་ཅིང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ཐེངས་འདིའི་ཚོགས་འདུའི་ཐོག་གནད་དོན་གཙོ་བོ་ཞིག་ནི་རྒྱ་གར་གཞུང་གི་གནད་ཡོད་མི་དང་གསར་འགོད་པ། གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་ཀྱིས། རྒྱ་གར་ནང་བོད་དོན་ཞུ་སྐུལ་གྱི་ལས་དོན་ནུས་ཤུགས་ཆེ་རུ་གཏོང་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་སྦྱང་ཤེས་གནང་གི་ཡོད་པ་ལྡི་ལི་ནས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ད་རེས་ཀྱི་ཚོགས་འདུ་དེ་བཞིན་སྤྱི་ཟླ་༨ པའི་ཚེས་༧ ཉིན་འགོ་འཛུགས་ཀྱིས། སྤྱི་ཟླ་༨ པའི་ཚེས་༡༡ བར་ཉིན་གྲངས་༥ རིང་ཚོགས་ཀྱི་ཡོད་པ་དང་། ཚོགས་འདུའི་སྟེང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཚུད་པའི་སྤྱི་འཐུས་༢༠ ལྷན་ཞུགས་གནང་ཡོད་འདུག་ཅིང་། རྒྱལ་ས་ལྡི་ལིར་ཆགས་པའི་གཞུང་ཁུངས་མིན་པའི་ལྟེ་གནས་ཁང་འདྲ་མིན་གྱི་ཉམས་ཞིབ་པ་དང་གནད་ཡོད་མི། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་དང་། ཕྱི་སྲིད་མི་སྣ། ཁོར་ཡུག་ཐོག་ལ་ཉམས་ཞིབ་པ་དང་ལས་འགུལ་བ་སོགས་གདན་ཞུས་ཀྱིས། རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་དང་། ད་ལྟའི་རྒྱ་ནག་གི་གནས་སྟངས། དེ་བཞིན་རྒྱ་གར་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་སོགས་ཀྱི་ཐད་གོ་བསྡུར་གཏམ་བཤད་གནང་གི་ཡོད་པ་རེད།  

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ད་བར་ཚོགས་ཟིན་པའི་ཐབས་བྱུས་ཚོགས་འདུ་ཁག་ནང་། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ཀྱི་འགྱུར་འགྲོས་སོགས་དང་འབྲེལ་བའི་གནས་དོན་ཁག་ལ་གོ་བསྡུར་རིམ་པ་གནང་ཡོད་པ་མ་ཟད། མ་འོངས་པར་ཕྱིའི་རྒྱལ་ཁབ་ཁག་ཏུ་འདི་ལྟ་བུའི་ཚོགས་འདུ་རིགས་ཚོགས་དགོས་མིན་ཐད་འབྱུང་འགྱུར་ལས་འཆར་ནང་གོ་བསྡུར་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཡང་བཀའ་ཤག་སྐབས་༡༦ པའི་ངོས་ནས་བོད་ཀྱི་རང་དབང་བསྐྱར་གསོ་ཡོང་སླད་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་གནད་དོན་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་མུས་ཡིན་པར་བརྟེན། དཱང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཞེས་པའི་ལས་གཞི་ཞིག་འགོ་འཛུགས་གནང་སྟེ། མ་འོངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་གྱི་ནུས་པ་གོང་མཐོར་ཡོང་ཆེད་། ཁ་སྔོན་སྤྱི་ཟླ་༧ པའི་ནང་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཞེས་པ་ཞིག་བསྐོང་ཚོགས་གནང་ཡོད་པ་རེད།

ཡང་དེ་དང་ཕྱོགས་མཚུངས་ཁ་སྔོན་སྤྱི་ཟླ་༦ པའི་ནང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་མཉམ་རུབ་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ཡོད་པ་དང་།གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་ཁོར་ཡུག་སོགས་ཀྱི་གནད་དོན་སྐོར་ལྡི་ལིར་ཡོད་པའི་རྒྱལ་ཁབ་འདྲ་མིན་༡༧ གྱི་གཞུང་ཚབ་དང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་སོགས་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་བོད་དོན་ཞུ་སྐུལ་གནང་ཡོད་པ་རེད།

གཞན་ཡང་སྤྱི་ལོ་༢༠༢༢་ལོའི་སྤྱི་ཟླ་༩པའི་ནང་རྒྱ་གར་ཧར་ཡ་ན་མངའ་སྡེའི་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཐེངས་དང་པོ་དེ་བསྐོང་ཚོགས་གནང་ཡོད་པ་དང་།  ཡང་ལོ་དེའི་སྤྱི་ཟླ་༡༡ ནང་བཞུགས་སྒར་རྡ་རམ་ས་ལར་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་ཡོད་པ་རེད། ད་རེས་བསྐོང་ཚོགས་གནང་བའི་ཚོགས་འདུ་ཐེངས་༣པའི་འགྲོ་མགྲོན་ཆ་ཚང་ཨ་རིའི་རོགས་ཚོགས་(USAID)དང་། རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་(NDI)གཉིས་ཀྱི་གཏོང་གི་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎