ཤྲི་ལངྐས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལ་སྐྱོན་བརྗོད་བྱས།
2011.10.30
༄༅༎ཕྱི་ལོ་༢༠༠༩ལོར་ཤྲི་ལངྐའི་གཞུང་གིས་ཏ་མིལ་གྱེན་ལོག་པ་ཚར་གཅོད་སྐབས་ཡུལ་མི་ཁྱོན་ཆེ་རྡེབ་གསོད་བྱས་ཡོད་ལུགས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་པ་དེར་ཡུལ་དེའི་ཕྱི་སྲིད་བློན་ཆེན་གྱིས་སྐྱོན་བརྗོད་གནང་འདུག
རེས་གཟའ་ཉི་མའི་ཉིན་ཤྲི་ལངྐའི་ཕྱི་སྲིད་བློན་ཆེན་ག་མི་ནི་པེ་ར་སེ་ཡིས་རྒྱལ་ཚོགས་ཀྱི་སྙན་ཐོར་སྐྱོན་བརྗོད་གནང་ཡོད་པ་མ་ཟད་ཀོ་མེན་ལྦེལ་ཐི་ཞེས་པའི་དེ་སྔ་ཨིན་ཇིའི་མངའ་ཁོངས་ཡིན་པོའི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་ཚོགས་ཆེན་སྐབས་སྙན་ཐོ་དེ་གླེང་སློང་མ་རོགས་ཞེས་ ཁེ་ན་ཌར་འབོད་སྐུལ་ཞུས་ཡོད་ལུགས་འགྲེལ་བརྗོད་དང་སྦྲགས་ཕྱི་ལོ་༢༠༡༣ལོར་མཐུན་ཚོགས་ཀྱི་ཚོགས་ཆེན་ཡང་ཤྲི་ལངྐའི་ནང་འཚོགས་གཏན་འཁེལ་བ་དེར་ཚོགས་ཞུགས་རྒྱལ་ཁབ་༥༤ནས་སུས་ཀྱང་འགག་པ་བྱས་མེད་ལུགས་ཨོ་སེ་ཀྲོ་ལིའི་ནང་གྲོང་ཁྱེར་པརྠ་ནང་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་གསར་འགོད་ལྷན་ཚོགས་ཐོག་གཏམ་བཤད་གནང་འདུག། ཐེངས་འདིའི་ཚོགས་ཅེན་གྱི་སྔ་ནུབ་ཏུ་ཁེ་ན་ཌའི་སྲིད་བློན་སིཊིཕེན་ཧའར་པར་མཆོག་གིས་རྒྱལ་ཚོགས་ཀྱི་སྙན་ཐོ་བཏོང་པའི་རྗེས་སུ་ ཤི་རི་ལངྐའི་ནང་མཐུན་ཕྱོགས་ཀྱི་ཚོགས་ཆེན་ཤི་རི་ལངྐར་འཚུགས་ཕྱོགས་ཐད་བསམ་ཚུལ་བཏོན་ཡོད་པ་མ་ཟད་ མཐུན་ཕྱོགས་ཀྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུའི་ཐོག་ཤྲི་ལངྐའི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ཡང་གླེང་སློང་གནང་ཡོད་འདུག། འོན་ཀྱང་ཤྲི་ལངྐའི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཚོགས་ཀྱི་སྙན་ཐོ་དེ་ནི་གཞི་རྩ་མེད་པའི་ཕྱོགས་སུ་ལྷུངས་བའི་སྙན་ཐོ་ཞིག་ཡིན་ལུགས་སྐྱོན་བརྗོད་གནང་བ་དང་སྦྲགས་ ཁེ་ན་ཌའི་གཞུང་གིས་ཤྲི་ལངྐའི་འགྲོ་བ་མིའི་ཐོབ་ཐང་སྐོར་འབྲེལ་མེད་གླེང་སློང་གནང་བ་ཡིན་ལུགས་སྐྱོན་བརྗོད་གནང་འདུག།