རྒྱ་ནག་གཞུང་གིས་དཔྱིད་གསར་ལོ་སར་དང་བསྟུན་བདེ་འཇགས་ལ་ཁ་གཡར་ནས་བོད་མི་ཚོར་དམ་དྲག་ཞིབ་བཤེར་ཤུགས་ཆེ་བྱེད་བཞིན་ཡོད་འདུག

2025.01.24
རྒྱ་ནག་གཞུང་གིས་དཔྱིད་གསར་ལོ་སར་དང་བསྟུན་བདེ་འཇགས་ལ་ཁ་གཡར་ནས་བོད་མི་ཚོར་དམ་དྲག་ཞིབ་བཤེར་ཤུགས་ཆེ་བྱེད་བཞིན་ཡོད་འདུག རྒྱ་ནག་གི་དཔྱིད་གསར་ལོ་སར་དང་འབྲེལ་བོད་ཀྱི་རྒྱལ་ས་ལྷ་སར་ཞིབ་བཤེར་བྱེད་བཞིན་པ། ༢༠༢༥།༠༡།༢༣ ཉིན།
མི་སེར་གྱི་འདྲ་པར།

འདི་ལོའི་ཟླ་ ༡ ཚེས་ ༢༩ ཉིན་དེ་རྒྱ་ནག་གི་དཔྱིད་གསར་ལོ་སར་ཁེལ་གྱི་ཡོད་པ་བཞིན། ལོ་ལྟར་རྒྱ་ནག་གི་དཔྱིད་གསར་ལོ་སར་དང་བསྟུན་མི་ཚོགས་འདུ་འཛོམས་སོགས་ཤུགས་ཆེར་བྱུང་གི་ཡོད་པས། རྒྱ་ནག་གཞུང་གིས་དུས་སྐབས་དེ་དག་དང་བསྟུན་བདེ་འཇགས་ལ་ཁ་གཡར་ནས། མི་མང་ལ་དམ་དྲག་དང་ཞིབ་བཤེར་སོགས་ཤུགས་ཆེར་བྱེད་སྲོལ་ཡོད་པ་དང་། བོད་ནང་གི་རྔ་བ་དང་ཉག་ཆུ། མགོ་ལོག ལྷ་ས་སོགས་སུ་དཔྱིད་གསར་གྱི་བདེ་འཇགས་དང་མངོན་མེད་སྐྱེན་མེད་ཞེས་པའི་ལས་འགུལ་འོག མི་མང་གི་འགྲོ་འདུག་སྐྱོད་གསུམ་ལ་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། སྤྱིར་ནམ་རྒྱུན་ལོ་སར་དང་འབྲེལ་འགྲུལ་སྐྱོད་བྱེད་མཁན་ཤུགས་ཆེར་ཡོད་པས། ཉེན་རྟོག་པ་འགྲེམས་འཇོག་ཤུགས་ཆེར་བྱེད་སྲོལ་ཡོད་ན་ཡང་། རྔ་བ་སོགས་ནས་དགོན་པ་ཁག་ཏུ་འགྲོ་སྐྱོད་ཐད་ཞིབ་བཤེར་དང་། བོད་ཀྱི་རྒྱལ་ས་ལྷ་ས་སོགས་ནས་ཟ་ཁང་དང་ཇ་ཁང་། འགྲུལ་སྐྱོད་རླངས་འཁོར་སོགས་ནས་གང་བྱུང་ཞིབ་བཤེར་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གསུམ་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་མདོ་སྨད་ཕྱོགས་ནས་རྒྱ་ལོའི་ལོ་སར་མཉམ་དུ་སར་གྱི་ཡོད་པས། དམིགས་བསལ་མེ་སྐྱོན་ལ་ཡིད་གཟབ་དགོས་སྐོར་བརྗོད་ནས། མགོ་ལོག་ཕྱོགས་ཀྱི་དགོན་སྡེ་ཁག་ཚང་མའི་ནང་ཞིབ་བཤེར་བྱེད་བཞིན་པ་མ་ཟད། ལོ་སར་དང་འབྲེལ་དགོན་སྡེ་ཁག་གིས་འགན་འཁུར་འོག་མི་མང་ལ་དོ་དམ་དང་སྣེ་ཁྲིད་དགོས་སྐོར་གྱི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་ལ། ཡང་འབྲེལ་ཡོད་གཞན་ཞིག་ནས་ཉག་ཆུ་ཕྱོགས་སུ་ཉག་ཆུ་རྫོང་དང་ལི་ཐང་རྫོང་དུ་འགྲོ་བར། ཉེན་རྟོག་པས་འགྲིམ་འགྲུལ་ཞིབ་བཤེར་ཞེས། མི་སྒེར་གྱི་ཁ་པར་ལ་སྔོགས་བཤེར་དང་། གནད་དོན་ཅུང་ཙམ་རེ་བྱུང་བ་ཡིན་ན་འབོད་འགུག་འདྲི་རྩད་སོགས་ཀྱིས་སུན་གཙེར་བཟོ་བཞིན་ཡོད་སྐོར་བརྗོད་བཞིན་འདུག་ལ། བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཉེན་རྟོག་ཕྱོགས་ནས། ལོ་སར་དང་བསྟུན་བདེ་འཇགས་སྲུང་སྐྱོབ་ཆེད་དྲ་ལམ་ཞིབ་བཤེར་དང་། བརྟན་བརླིང་སྲུང་སྐྱོབ་ཆེད་མངོན་མེད་རྐྱེན་མེད་དང་། མི་མངོན་པའི་ཉེན་ཁ་རིགས་ལ་རྩད་ཞིབ་ཤུགས་ཆེར་དགོས་པ་སོགས་ཀྱི་གསལ་བསྒྲགས་སྤེལ་འདུག

རྒྱ་ནག་གཞུང་འབྲེལ་ངོས་ནས་བོད་ནང་གི་རྫོང་དང་ས་གནས་སོགས་མང་དག་ཅིག་ཏུ་ལོ་སར་དང་འབྲེལ། བརྟན་བརླིང་དགོས་པའི་ཚོགས་འདུ་འདྲ་མིན་འཚོག་བཞིན་པའི་གནས་ཚུལ་བཀོད་བཞིན་པ་མཐོང་རྒྱུ་འདུག་ལ། བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཚེས་ ༢༣ ཉིན་ཚོགས་འདུ་དང་འབྲེལ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཞའོ་ཡོ་ཚཱ་ (Xiao yucai) ཟེར་བས། ངེས་པར་དུ་བརྟན་བརླིང་སྲུང་སྐྱོབ་དང་མི་མང་ལ་ཏང་གི་སློབ་གསོའི་སྣེ་ཁྲིད་ཀྱིས་ལོ་མགོ་ཡག་པོ་ཚུགས་དགོས་སྐོར་སོགས་བརྗོད་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་འདི་ལོ་རྒྱ་ནག་གཞུང་འབྲེལ་ (cctv) ཟེར་བས། དཔྱིད་གསར་གྱི་སྤྲོ་ཚོགས་ཡན་ལག་ལྷ་སར་འཚོག་བཞིན་པས་བོད་ཁྱབ་བསྒྲགས་ཀྱི་ལོ་རྒྱུས་རང་བཞིན་གྱི་ལས་དོན་ཞིག་ཡིན་པ་སོགས་བཀོད་འདུག་ལ། རྒྱ་ནག་གཞུང་ངོས་ནས་འདི་ལོའི་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ལ་ཉིན་གྲངས་ ༨ རིང་གུང་གསེང་གཏོང་རྒྱུ་ཡིན་པ་དང་། དེའི་རིང་བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་ཁག་ཏུ་ཛ་དྲག་སྨན་བཅོས་བསྟེན་གཏུག་ཁང་ལས། སྨན་ཁང་གི་རྒྱུན་ལྡན་ལས་ཀ་ཚང་མ་མཚམས་འཇོག་རྒྱུ་ཡིན་པ་སོགས་བཀོད་འདུག

ལོ་ལྟར་རྒྱ་ནག་གི་དཔྱིད་གསར་ལོ་སར་ནི་རྒྱ་ནག་ནང་མི་མང་འགྲུལ་སྐྱོད་ཤུགས་ཆེ་ཤོས་ཀྱི་དུས་ཚོད་ལ་ཁེལ་ཡོད་པ་དང་། འདི་ལོ་ཡང་རྒྱ་ནག་རྒྱལ་ཡོངས་ནང་མི་གྲངས་དུང་ཕྱུར་ ༢.༣ ལྷག་འགྲུལ་བཞུད་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་ནས་བསྒྲགས་འདུག་ལ། དེ་དག་ཁྲོད་ནས་མེ་འཁོར་བརྒྱུད་འགྲུལ་བཞུད་བྱེད་མཁན་མི་གྲངས་ཁྲི་ ༡༣༤༠ དང་། རླངས་འཁོར་བརྒྱུད་མི་གྲངས་དུང་ཕྱུར་ ༢.༡ དང་། མཚོ་འགྲུལ་དང་ཆུ་ལམ་བརྒྱུད་མི་གྲངས་ཁྲི་ ༧༠། དེ་བཞིན་མཁའ་ལམ་བརྒྱུད་མི་གྲངས་ཁྲི་ ༢༢༩ བཅས་ཟིན་གྱི་ཡོད་སྐོར་བཀོད་འདུག

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎