བོད་དོན་རྒྱབ་སྐྱོར་ཚོགས་པ་ཧ་ཅང་གལ་ཆེན་པོ་རེད་གསུངས།

དེ་རིང་ཕྱི་ཟླ་༡༡ཚེས་༡༦ ཉིན་བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་འདུག

2012.11.16

༄༅།    །དེ་རིང་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་།    བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་དབུས་པའི་མཛད་གཙོ་རྣམ་པ་དང༌། རྒྱལ་སྤྱིའི་རྒྱལ་ཁབ་བཞི་བཅུ་ལྷག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་༢༠༠ ལྷག་དང༌། ཕྱི་ནང་གི་གསར་འགོད་པ་བཅས་འདུ་འཛོམས་བྱུང་འདུག    ལྷན་ཚོགས་དེ་གཙོ་སྐྱོང་གནང་མཁན་ཕྱི་དྲིལ་ལས་བྱེད་བསོད་ནམས་བཟང་མོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེའི་སྐོར་ངོ་སྤྲོད་གནང་བས་མ་ཟད། ཚོགས་ཕེབས་ཡོངས་ནས་བོད་ནང་དུ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་སྲེག་བཏང་གནང་མཁན་འདས་སོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ངག་བཅད་མྱ་ངན་གནང་ཡོད་པ་རེད།  དེ་རྗེས་རྒྱ་གར་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་འབྲེལ་ལམ་གནང་མཁན་སྐུ་ཞབས་N.K. Trikha མཆོག་གིས་ལྷན་ཚོགས་དབུ་འཛུགས་ཀྱི་ཕེབས་བསུའི་གསུང་བཤད་གནང་ཡོད་པ་རེད། ཚོགས་ཆེན་དེའི་ཐོག་ད་དུང་།    ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བཀའ་བློན་ཁྲི་པའི་མཚན་གནས་སྲིད་སྐྱོང་དུ་འགྱུར་བ་འགྲོ་སྟངས་དང༌། ད་ལྟའི་བཀའ་ཤག་དང་བཀའ་བློན་རྣམ་པས་ད་བར་ལས་དོན་ཇི་ལྟར་གྲུབ་པའི་སྐོར་དང༌། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོིའི་རྒྱབ་སྐྱོར་གྱི་གྲུབ་འབྲས་སོགས་གཏམ་བཤད་གནང་ཡོད་པ་རེད། དེ་རྗེས་སྲིད་སྐྱོང་མཆོག་གིས། བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཧ་ཅང་གི་གལ་ཆེ་པོ་ཞིག་ཡིན་པས་མ་ཟད། ལྷན་ཚོགས་དེ་ཡིས། བོད་ཀྱི་ལོ་རྒྱུས་ནང་བོད་མི་རྣམས་དཀའ་ངལ་འཕྲད་པའི་དུས་སྐབས་འདིར་བོད་མིའི་གྲོགས་པོ་ཚོས་གདུང་སེམས་མཉམ་བསྐྱེད་ཞུས་ཀྱི་ཡོད་པ་དང༌། ནམ་ཞིག་བོད་ལ་སྐལ་བཟང་གི་ཉི་མ་ཞིག་མ་ཤར་བར་དུ་བོད་མིའི་རྒྱབ་སྐྱོར་ནི་མུ་མཐུད་གནས་རྒྱུ་དང༌། བོད་ཀྱི་གནད་དོན་དེ་བས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་རྒྱ་ནག་གཞུང་ལ་གོ་དོན་གསལ་པོ་གཏོང་བཞིན་ཡོད་པ་རེད་ཅེས་གཏམ་བཤད་གནང་ཡོད་པ་རེད། ལྷན་ཚོགས་དེ་ནི་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་༡༨ བར་གནང་རྒྱུ་ཡིན་ཞིང༌། ལྷན་ཚོགས་དེའི་ནང་ཨ་རི་དང་ཡོ་རོབ། རྒྱ་གར་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཕེབས་ཡོད་པས་མ་ཟད། ཕྱིའི་རྒྱལ་ཁབ་ནང་བཞུགས་པའི་མང་གཙོ་དོན་གཉེར་ཅན་གྱི་གནད་ཡོད་རྒྱ་རིགས་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎