དམིགས་བསལ་ལས་འཆར།
2013.06.14
༄༅། །དེ་རིང་ཕྱི་ཚེས་༡༤ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བཙན་བྱོལ་ནང་གི་འཛིན་རིམ་དྲུག་པ་ནས་བཅུ་པ་བར་གྱི་བོད་པའི་སློབ་ཕྲུག་རྣམས་ལ་ལོ་གཅིག་རིང་ཚན་རིག་དང་ཁོར་ཡུག་གི་ཚན་རིག ཨིན་ཇིའི་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་སྤྲོད་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཀོད་བཞག དེ་ཡང་ཤེས་རིག་ལས་ཁུངས་དང་ཨ་རིའི་ནང་དུ་ཡོད་པའི་རྒྱལ་ཡོངས་ས་ཁམས་དཔྱད་ཞིབ་ལྟེ་གནས་ཁང་གཉིས་ཐུན་མོང་གིས་བོད་པའི་སློབ་ཕྲུག་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུའི་ལས་དོན་འཆར་གཞི་དེ་གོ་སྒྲིག་གནང་རྒྱུ་ཡིན་ཞིང། ད་བར་ལས་དོན་འཆར་གཞི་དེའི་ཐོག་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་༡༣ ནས་སློབ་ཕྲུག་ས་ཡ་གཉིས་ལྷག་ལ་ཨིན་ཇིའི་སྐད་ཡིག་ཡར་རྒྱས་དང། གོ་ལའི་ཁོར་ཡུག་སྐོར་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པར་བརྟེན་ཐེངས་འདིའི་ལས་དོན་འཆར་གཞི་དེ་ནི་རྒྱ་གར་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་དཔེར་ན། སུ་ཇ་སློབ་གྲྭ་དང། ཅོང་ཏ་ར་བོད་ཁྱིམ་སློབ་གྲྭ ཅོང་ཏ་ར་དང་པོན་ཊ་སམ་བྷོ་ཝའི་སློབ་གྲྭ མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བཅས་སློབ་གྲྭ་ཁག་ལྔའི་ནང་༢༠༡༣ ཕྱི་ཟླ་༧ ནས་འགོ་བཙུགས་ཏེ་༢༠༡༤ ཕྱི་ཟླ་༧ བར་ལག་བསྟར་གནང་སྟེ་བོད་པའི་སློབ་མ་ཁྱོན་ཉིས་སྟོང་ལྷག་ལ་ཕན་ཐོགས་སྐྲུན་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད། ལས་དོན་འཆར་གཞི་དེ་འགོ་འཛུགས་མ་གནང་བའི་གོང་དེར་ཕྱི་ཟླ་དྲུག་པའི་ཚེས་༢༢ དང་༢༣ ཉིན་གྲངས་ཉིན་རིང་ལ་བཞུགས་སྒར་དྷརམ་ས་ལའི་ཉེ་འདབས་སུ་ཆགས་པའི་ས་ར་བོད་ཀྱི་མཐོ་སློབ་ཁང་དུ་ལས་དོན་འཆར་གཞི་དེ་དང་འབྲེལ་ཡོད་ཟབ་སྦྱོང་ཞིག་སྤྲོད་རྒྱུ་རེད་འདུག།