དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེའི་བརྡ་ཁྱབ་སྐོར།

དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་དང་དེ་འབྲེལ་ལས་དོན་གནང་ཕྱོགས་བཅས་ལ་ཤུགས་རྐྱེན་ཇི་ཆགས་སྐོར་བརྡ་ཁྱབ་ཞིག་གནང་འདུག

2011.11.14

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་ བོད་མིའི་ཆབ་སྲིད་ཀྱི་གཞུང་འཛིན་ལ་འགྱུར་བ་ཕྱིན་པའི་དབང་གིས་ རིན་པོ་ཆེ་མཆོག་དང་དེ་འབྲེལ་ལས་དོན་གནང་ཕྱོགས་བཅས་ལ་ཤུགས་རྐྱེན་ཇི་ཆགས་སྐོར་ཕྱི་ཚེས་༡༡ཉིན་བརྡ་ཁྱབ་ཞིག་གནང་འདུག།
དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་གནང་བའི་བརྡ་འཕྲིན་དེའི་ནང༌། ༡༩༩༠ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་འབྲེལ་ལམ་གྱི་ལས་དོན་ཆེ་ཁག་ཞུ་རྒྱུའི་ཆེད་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞིས་ཐོག་རྒྱ་རི་རིན་པོ་ཆེ་ལ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་སྩལ་བ་དང༌། ༡༩༩༡ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་མ་ཐག། རྒྱ་རི་རིན་པོ་ཆེ་མཆོག་གིས་ བཙན་བྱོལ་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་དོན་ནས་བགྲེས་ཡོལ་ཞུས་གནང་ཡོད་རུང༌། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་འོས་འགན་མུ་མཐུད་ཞུས་གནང་ཡོད་ཅིང༌། ཉེ་ལམ་གྱི་འགྱུར་བ་མ་ཕྱིན་བར་དུ་༧གོང་ས་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཡིན་པར་བརྟེན། རྒྱ་རི་རིན་པོ་ཆེ་ནས་གཙོ་བོ་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་དོན་ཁག་དང༌། དེ་འབྲེལ་སྲི་ཞུ་བ་དང་ཚོགས་ཁག་བཅས་ལ་རོགས་ཕན་གང་ཐུབ་གནང་བ་འགལ་ཟླ་ཕྱིན་མེད་པ་དང༌། དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གནད་དོན་དང༌། ཨ་རིའི་གཞུང་ལ་ཞུ་གཏུགས་དགོས་རིགས་ལས་དོན་གཞན་ཐད་རྒྱ་རི་རིན་པོ་ཆེ་ནས་ནིའུ་ཡོརཀ་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་རིམ་པ་དང་ལྷན་དུ་ལས་འཁུར་མཉམ་རུབ་གནང་ཡོད་སྐོར་གསུངས་བཞག།
ཡང་གོང་ཞུས་བརྡ་ཁྱབ་དེའི་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་འགྱུར་བ་ཕྱིན་པ་དང་བཅའ་ཁྲིམས་བསྐྱར་བཅོས་དང་སྟབས་བསྟུན། ༢༠༡༡ལོའི་ཕྱི་ཟླ་༥པའི་ནང་བཀའ་ཤག་གིས་རྒྱ་རི་རིན་པོ་ཆེར་དེའི་ཁོངས་སུ་ལས་འགན་ཞིག་ལ་བསྐོ་བཞག་གནང་འདོད་ཡོད་པ་གསུངས་ཡོད་ནའང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ནས་ཡུན་རིང་སྔོན་བགྲེས་ཡོལ་ཞུས་ཟིན་པ་དྲན་སྐུལ་དང་བཅས་བཅའ་ཁྲིམས་ཀྱི་ཆ་རྐྱེན་དེ་དག་རྒྱ་རི་རིན་པོ་ཆེའི་འོས་འགན་དང་འབྲེལ་བ་ཆགས་ཀྱི་མེད་སྐོར་བཀའ་ཤག་ལ་དེ་འཕྲལ་ཕྱག་བྲིས་ཤིག་ཕུལ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང༌ཆབས་ཅིག། ཉེ་ཆར་གྱི་འཛིན་སྐྱོང་ལ་འགྱུར་བ་ཕྱིན་པའི་རྗེས་རྒྱ་རི་རིན་པོ་ཆེ་ནས་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནད་དོན་། དེའང་ཆེ་ཁག་ཨ་རིའི་གཞུང་ངམ་གཞུང་གཞན་ཚོ་དང་འབྲེལ་བ་གནང་རྒྱུའམ། ཡང་ན་ཆུང་ཙག་ངོ་སྤྲོད་ཡི་གེ་གནང་ཡག་སོགས་མཚམས་འཇོག་གནང་སྟེ། དེང་གནད་དོན་དེ་རིགས་ཆ་ཚང་ནིའུ་ཡོརཀ་དུ་ཡོད་པའི་བོད་ཀྱི་དོན་གཅོད་ཁང་ནས་ཐུགས་འགན་བཞེས་ཀྱི་ཡོད་སྐོར་གསུང་པ་དང་འབྲེལ།
༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་དུས་ཡུན་གང་འཚམས་རིང་བཞེས་པའི་ཐོག་ནས་ རྒྱ་ནག་གཞུང་གི་དབུ་ཁྲིད་དང་མཉམ་དུ་རིན་པོ་ཆེ་ངོས་ནས་གྲོས་མོལ་ཡོང་ཐབས་འབད་རྩོལ་དང་གྲོས་མོལ་གྱི་ལས་རིམ་འགན་འཁུར་ཞུ་རྒྱུ་དང༌། ལས་འགན་དེའི་ཐོག་རོགས་ཕན་དང་ཐུགས་སྣང་གནང་མཁན་གྱི་གཞུང་ཁག་གི་གཙོས་ཚོགས་སྒེར་རྣམས་དང་མུ་མཐུད་འབྲེལ་འདྲེས་གནང་རྒྱུ་ཡིན་སྐོར་བརྡ་ཁྱབ་དེའི་ནང་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎