བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཉི་འོང་དུ་ཆེད་ཕེབས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༩ པ་དེ་ཕྱི་ལོ་ ༢༠༢༥ ལོར་ཉི་འོང་ནང་ཚོགས་རྒྱུའི་འབད་བརྩོན་གནང་བཞིན་འདུག

2024.08.01
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཉི་འོང་དུ་ཆེད་ཕེབས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༩ པ་དེ་ཕྱི་ལོ་ ༢༠༢༥ ལོར་ཉི་འོང་ནང་ཚོགས་རྒྱུའི་འབད་བརྩོན་གནང་བཞིན་འདུག བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལྷན། ༢༠༢༤།༠༧།༣༠ ཉིན།
TPIE

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༧ ནས་ཟླ་ ༨ ཚེས་ ༢ བར་ཉི་འོང་གི་ས་གནས་ཊོཀ་ཡོ་ནང་གཞུང་འབྲེལ་གྱི་ལས་འཆར་གྱི་ཆེད་ཕེབས་ཡོད་པ་དང་། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་སྤྱི་འཐུས་ཚོགས་གཙོ་མཆོག་གི་ཉེ་འོང་ཁུལ་གི་ལས་འཆར་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིར་སྤྱི་འཐུས་ཚོགས་གཙོ་ཉི་འོང་དུ་ཕེབས་པའི་དམིགས་ཡུལ་གཙོ་བོ་ནི། ཉི་འོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ཚོགས་མི་འབོར་ཆེ་ཤོས་ཤིག་ཡིན་པ་མ་ཟད། ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་བརྟེན། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཉི་འོང་གི་གྲོས་ཚོགས་སུ་ཆེད་ཕེབས་ཀྱིས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Shimomura Hakubun ལགས་དང་། དྲུང་ཆེ་ IshiKawa Akimasa ལགས། དེ་བཞིན་གྲོས་ཚོགས་ཀྱི་རྒྱུན་ལས་བཅས་དང་མཇལ་འཕྲད་ཀྱིས། ཁོང་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཉི་ཧོང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་རུབ་ཀྱི་ཐོག་ནས་ལོ་རྗེས་མའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༩ པ་དེ་ཉི་འོང་གི་རྒྱལ་ས་ཊོཀ་ཡོ་ནང་ཚོགས་ཐུབ་པའི་སྐོར་ཡང་གླེང་མོལ་གནང་ཡོད་པ་གསུངས་བྱུང་།

གཞན་ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་མུ་མཐུད་གསུངས་ན། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕྱི་ལོ་ ༢༠༢༢ ལོར་ཉི་ཧོང་གི་གྲོས་ཚོགས་གོང་འོག་གཉིས་ཀྱིས་བོད་དང་ཤར་ཏུར་ཀིསི་ཐན། དེ་བཞིན་ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐོར་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ སུད་སི་འཇི་ནི་ཝ་ (Geneva) འགྲོ་བ་མིའི་ཐོབ་ཐང་གི་ཉན་ཞིབ་སྐབས་ལ་ཉི་ཧོང་གིས་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པའི་སྐོར་བཀའ་མོལ་གནང་ཡོད་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་གསུངས་བྱུང་། ལྷག་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཉེ་ལམ་བོད་མགོ་ལོག་ཁུལ་དུ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་རྒྱ་ནག་གཞུང་གིས་བཙན་གྱིས་སྒོ་བརྒྱབས་པའི་གནས་སྟངས་སྐོར་ལའང་གླེང་སློང་གནང་ཡོད་པ་གསུངས་བྱུང་ལ། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉེ་ལམ་ཨ་མི་རི་ཀའི་གཞུང་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་ལྟར། ཉི་ཧོང་གཞུང་ནས་ཀྱང་ཁྲིམས་འཆར་དེ་བཞིན་གཏན་འབེབས་གནང་ཐུབ་རྒྱུའི་རེ་སྐུལ་ཞུས་གནང་ཡོད་པ་གསུངས་བྱུང་། 

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༨ འཚོགས་ཡོད་ཀྱང་ཉི་འོང་ནང་ད་བར་ཐེངས་གཅིག་ཀྱང་ཚོགས་མེད་པས། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ལོ་རྗེས་མའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་ཉི་འོང་ནང་ཚོགས་ཐུབ་པ་བརྒྱུད་རྒྱལ་སྤྱིའི་ཁྲོད་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་ཐུབ་པའི་རེ་བ་གནང་བཞིན་ཡོད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎