རྒྱ་གར་ལྷོ་ཕྱོགས་སུ་བོད་དོན་གོ་རྟོགས་ཀྱི་འགྲེམས་སྟོན་ཞིག་འཚོག་བཞིན་པ།

2025.02.19
རྒྱ་གར་ལྷོ་ཕྱོགས་སུ་བོད་དོན་གོ་རྟོགས་ཀྱི་འགྲེམས་སྟོན་ཞིག་འཚོག་བཞིན་པ། ནེཀ་སསི་ཁྲོམ་རྭར་འཚོག་བཞིན་པའི་བོད་ཀྱི་འགྲེམས་སྟོན། ༢༠༢༥།༠༢།༡༩ ཉིན།
Sonam Phuntsok

རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀཱ་ན་ཀྲ་ཀའི་མཱེའེ་སོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་གཞན་ཕན་ཐེབས་རྩ་ཁང་ནས་ལོ་ལྟར་ལོ་གསར་མ་སླེབས་གོང་། མཱེ་སོར་གྲོང་ཁྱེར་གྱི་ (Nexus Centre City) ནེཀ་ས་སི་ཁྲོམ་རྭ་དང་མཉམ་འབྲེལ་གྱིས། རྒྱ་གར་ལྷོ་ཕྱོགས་བཅའ་སྡོད་རྒྱ་གར་བ་རྣམས་ལ་བོད་ཀྱི་རིག་གཞུང་འགྲེམས་སྟོན་སོགས་བརྒྱུད་བོད་དོན་གོ་རྟོགས་སྤེལ་གྱི་ཡོད་པ་བཞིན། འདི་ལོའི་ཟླ་ ༢ ཚེས་ ༡༩ ནས་ ༢༣ བར་ཉིན་གྲངས་ ༥ རིང་བོད་དོན་གོ་རྟོགས་ཀྱི་འགྲེམས་སྟོན་དེ་བཞིན་འཚོག་བཞིན་ཡོད་པ་རེད་འདུག

རྒྱ་གར་ལྷོ་ཕྱོགས་མཱེ་སོར་གྲོང་ཁྱེར་གྱི་ (Nexus Centre City) ཁྲོམ་རྭ་དེ་ནི་མཱེའེ་སོར་གྲོང་ཁྱེར་ནང་གི་ཁྲོམ་རྭ་ཆེ་ཤོས་གྲས་ཤིག་རེད་འདུག་པ་དང་། ཁྲོམ་རྭ་དེའི་ནང་ལོ་ལྟར་བོད་དོན་གོ་རྟོགས་ཀྱི་འགྲེམས་སྟོན་གོ་སྒྲིག་ཞུས་པ་དེས། གཙོ་བོ་ཁུལ་དེར་གནས་སྡོད་རྒྱ་གར་ཡུལ་མི་གཙོ་བོར་གྱུར་བའི་ས་ཕྱོགས་གང་ས་ནས་ཕེབས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་རིགས་མང་དག་ཅིག་ལ་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་སོགས་ཀྱི་གོ་རྟོགས་ཆེད་དུ་དམིགས་བཞིན་ཡོད་པ་དང་།  འདི་ལོའི་འགྲེམས་སྟོན་སྐབས་ལོ་གསར་པའི་དགའ་སྤྲོའི་རྣམ་པ་མ་ཡིན་པར་འགྲེམས་སྟོན་ཁོ་ནའི་རྣམ་པའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་ཁག་གཅིག་དང་། བོད་མདོ་དབུས་ཁམས་གསུམ་གྱི་ཆས་གོས་དང་ལོ་གསར་གྱི་ཁ་ཟས། དེ་བཞིན་བོད་ཀྱི་ཐོན་རྫས་སྣ་མང་འགྲེམས་སྟོན་བརྒྱུད་བོད་ཀྱི་ལོ་གསར་ངོ་སྤྲོད་དང་བོད་དོན་གོ་རྟོགས་སྤེལ་བཞིན་ཡོད་ཅེས།  རྒྱ་གར་ལྷོ་ཕྱོགས་གཞན་ཕན་ཐེབས་རྩ་ཁང་གི་ལས་འཆར་འགན་འཛིན་བསོད་ནམས་ཕུན་ཚོགས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བསོད་ནམས་ཕུན་ཚོགས་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། ལོ་ལྟར་བོད་ཀྱི་ལོ་གསར་མ་ཚེས་གོང་དུ་མཱེའེ་སོར་གྲོང་ཁྱེར་གྱི་ (Nexus Centre City) ཁྲོམ་རྭར་འཚོག་བཞིན་པའི་བོད་དོན་གོ་རྟོགས་ཀྱི་འགྲེམས་སྟོན་དེར། རྒྱ་གར་བ་གཙོས་པའི་ཕྱི་རྒྱལ་ཡུལ་མི་རྣམས་ནས་དགའ་མོས་ཆེན་པོ་གནང་གི་ཡོད་ཅིང་། ཁྲོམ་རྭ་གཞན་ཁག་གཅིག་ནས་ཀྱང་མཉམ་ལས་ཀྱིས་བོད་དོན་འགྲེམས་སྟོན་གོ་སྒྲིག་ཞུ་རྒྱུའི་ཐད་འདུན་པ་ཆེན་པོ་སྟོན་གྱི་ཡོད་པ་སོགས། ས་གནས་ནས་འགྲེམས་སྟོན་དེར་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་སྐོར་དང་། ཐེངས་འདིའི་བོད་དོན་གོ་རྟོགས་ཀྱི་འགྲེམས་སྟོན་དེ་བཞིན་ཐེངས་གསུམ་པ་དང་སྤུས་དག་ཤོས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཉིན་ལྔའི་རིང་(Nexus Centre City)ནེཀ་ས་སི་ཁྲོམ་རྭའི་ནང་དུ་འཚོག་བཞིན་པའི་བོད་དོན་འགྲེམས་སྟོན་སྐབས། ཁྲོམ་རྭ་དེའི་ནང་གི་མིང་རྟགས་ཅན་གྱི་ཚོང་ཁང་ ༤༧ ལྷག་ནས་རང་ཉིད་ཀྱི་ཚོང་ཟོག་རྣམས་བོད་ཀྱི་ལོ་གསར་དང་བསྟུན་རིན་གོང་ཆག་ཡང་གཏོང་བཞིན་ཡོད་པ་རེད་འདུག

གཞན་ཕན་ཐེབས་རྩ་ཁང་ནི་ཕྱི་ལོ་ ༢༠༢༠ ལོར་བོད་པའི་འཕྲོད་བསྟེན་དང་ཤེས་ཡོན། སྤྱི་ཚོགས་ཞབས་ཞུ་བཅས་ལ་ཆེད་དམིགས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། ཐེབས་རྩ་ཁང་དེས་མེའེ་སོར་གྲོང་ཁྱེར་དུ་མཐོ་སློབ་འགྲིམ་བཞིན་པའི་བོད་རིགས་སློབ་ཕྲུག་དང་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྡོད་ཁང་གསར་འཛུགས་དང་། རྒྱ་གར་དང་བོད་པའི་སློབ་ཕྲུག་དབར་འབྲེལ་ལམ་ཡར་རྒྱས། མིའི་སྤྱི་ཚོགས་སུ་བཟང་སྤྱོད་ཀྱི་ལམ་ནས་མདུན་ལམ་འཚོལ་སྟངས། ན་གཞོན་དབར་ཤེས་ཡོན་བརྗེ་རེས་ཀྱི་འབྲེལ་ལམ་འཛིན་ཚུལ་སོགས། རྒྱ་གར་དང་བོད་མིའི་སྤྱི་ཚོགས་ནང་གཞན་ཕན་དང་བཟང་སྤྱོད་ཀྱི་གནས་ཚུལ་དང་འབྲེལ་བའི་ལས་དོན་གྲུབ་བཞིན་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎