ལྷོ་ཨཕ་རི་ཀའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར།

ལྷོ་ཨཕ་རི་ཀའི་གྲོས་ཚོགས་ཀྱི་ཐུས་མིས་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུས་པ།

2012.06.17

༄༅༎བོད་དོན་རྒྱབ་སྐྱོར་གནང་མཁན་ལྷོ་ཨཕ་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་པའི་སྐོར་རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག

གནས་ཚུལ་བཀོད་པར་གཞིགས་ན། ལྷོ་ཨཕ་རི་ཀའི་གྲོས་ཚོགས་ནང་གི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཡིན་པ་དམངས་གཙོ་སྣ་སྦྲེལ་ཚོགས་པ་དང༌། མི་དམངས་ཚོགས་པ། ཨིན་ཀ་ཐ་རང་དབང་ཚོགས་པ་གསུམ་ཐུན་མོང་གིས་ལྷོ་ཨཕ་རི་ཀའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུས་ཏེ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གྱི་གསལ་བསྒྲགས་ཤིག་ཀྱང་སྤེལ་བ་མ་ཟད། བོད་དོན་སྐོར་ལ་གྲོས་འཆར་དང་དྲི་བ་བཏོན་པ་སོགས་གནང་ཡོད་པ་རེད། འདི་ལོའི་ཕྱི་ཟླ་བཞི་པའི་ནང་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ལྦར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པའི་ཐོག་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང༌། འཛམ་གླིང་ཡོངས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་སོ་སོའི་ཐོག་ནས་འདི་ལོའི་ཕྱི་ཟླ་དྲུག་པའི་ཚེས་༢༠ ཉིན་དུས་གཅིག་ལ་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་གཏན་འཁེལ་བྱུང་ཡོད་ཀྱང༌། ལྷོ་ཨཕ་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཉིན་གྲངས་སྔར་སྣུར་གྱིས་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུས་པ་ཞིག་ཡིན་ཞིང༌། དེ་ཡང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མའ་རི་ཡོ་མཆོག་གིས་ཕྱི་ཟླ་དྲུག་པའི་ཚེས་༡༤ ཉིན། བཙན་བྱོལ་བོད་གཞུང་གི་ལྷོ་ཨཕ་རི་ཀའི་སྐུ་ཚབ་དོན་གཅོད་མི་འགྱུར་རྡོ་རྗེ་ལགས་སུ་ཕྱག་བྲིས་ཤིག་བཏང་བའི་ནང་དོན་དུ། དེ་རིང་ང་ཚོས་གྲོས་ཚོགས་ཐོག་བོད་དོན་རྒྱབ་སྐྱོར་གྱི་ཉི་མོ་སྲུང་བརྩི་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང༌ཞེས་དང༌། ད་དུང་རིང་མིན་ཕྱི་ཟླ་དྲུག་པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་རྒྱབ་སྐྱོར་གྱི་ཉི་མོ་སྲུང་བརྩི་ཞུ་བའི་སྐབས། ང་ཚོ་ལྷོ་ཨཕ་རི་ཀའི་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་མཚོན་ཆེད་བོད་དོན་གྱི་གསལ་བསྒྲགས་ཤིག་སྤེལ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་བྲིས་གནང་ཡོད་པའི་སྐོར་བཀོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎