ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་བོད་དོན་གླེང་བ།
2010.09.24
༄༅༎ལྷོ་ཨ་ཕི་ར་ཀའི་གྲོས་ཚོགས་འཐུས་མི་གསུམ་གྱིས་ལྷོ་ཨ་ཕེ་རི་ཀའི་གྲོས་ཚོགས་ནང་བོད་དོན་གླེང་བར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཡོད་པ་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
ཟླ་བ་འདིའི་ཕྱི་ཚེས་༡༤ཉིན་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་རྒྱལ་སྲས་མན་གོ་སུ་ཐུ་སྦུ་ཐུ་ལེ་ཛེ་མཆོག་དང་ སྐུ་ཞབས་མྭ་རིའོ་ཨམ་སྦོ་རིའོ་སི་ནི་མཆོག སྐུ་ཞབས་སན་ཀྲོ་ཤི་བི་ནི་ཏཀལ་ཡན་བཅས་ནས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ནང་བོད་དོན་གླེང་བར་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་གྲོས་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང་ ཐུགས་རྗེ་ཆེ་ཞུ་བའི་ཕྱག་བྲིས་དེ་བཞིན་ཕྱི་ཚེས་༢༢ཉིན་གོང་ཞུས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པའི་མཚན་ཐོག་དུ་ཕུལ་ཡོད་པ་དང་ དེའི་ནང་ལྷོ་ཨ་ཕི་ཀི་ཀའི་གྲོས་ཚོགས་ནང་རྒྱལ་སྲས་སྐུ་ཉིད་ཀྱི་དབུ་ཁྲིད་འོག་གྲོས་ཚོགས་འཐུས་མི་༨༠ཙམ་གྱིས་གྲོས་ཚོགས་ནང་དཔེ་གསར་གྱི་ཐབས་ལམ་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བཏོན་པའི་ཁར་ བོད་དོན་གླེང་སློང་གནང་བར་གུས་པ་བཙན་བྱོལ་བོད་གཞུང་གྲོས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ནས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་
སྐུ་ཉིད་ཉེ་ལམ་རྒྱ་གར་ལྷོ་ཕྱོགས་བེལ་ལ་ཀོབ་བེལ་དུ་བཙན་བྱོལ་ནང་བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་༥༠འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོར་ལྷན་ཞུགས་གནང་རྗེས་ བོད་དོན་རྒྱབ་སྐྱོར་གྱི་ཆོད་སེམས་ཆེར་བསྐྱེད་ཐོག་སྐུ་ཉིད་ནས་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་སློང་གནང་ཕྱོགས་དང་ནང་དོན་བརྗོད་བྱ་གང་ཅིའི་ཐད་ ང་ཚོས་རྗེས་སུ་ཡི་རངས་ཞུ་རྒྱུ་མ་ཟད་ ང་ཚོར་བློ་སྤོབས་སྐྱེད་གཞི་ཞིག་ཏུ་གྱུར་ཡོད་ མ་འོངས་པར་བོད་ཀྱི་གནད་དོན་སེལ་རྒྱུར་སྲ་བརྟན་དང་དོན་ཕན་ལྡན་པའི་ཐབས་ལ་ཞིག་འཚོལ་གྲུབ་གནང་རྒྱུར་འབད་བརྩོན་མུ་མཐུད་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་སོགས་འཁོད་ཡོད་འདུག